འཇར་མན་གྱི་རྒྱལ་ས་བྷིར་ལིན་དུ་ལྗེའུ་རིགས་ལ་འཁོན་འཛིན་བྱེད་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


             སྤྱི་ཟླ་9པའི་ཚེས་14ཉིན། མང་ཚོགས་སྟོང་ཕྲག་འགའ་འཇར་མན་རྒྱལ་ས་བྷིར་ལིན་གྱི་བྷི་རན་སྒྲིན་བྷིར་གྷེ་ཐི་རུ་མཉམ་འཛོམས་ཐོག་ལྗེའུ་རིགས་ལ་འཁོན་འཛིན་བྱེད་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་ཅིང་། ཐེངས་འདིའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཆེད། འཇར་མན་གྱི་སྲིད་འཛིན་གོ་ཁི་དང་ཅུང་ལི་མའོ་ཁིར་སོགས་སྲིད་གཞུང་གི་མི་སྣ་མང་པོ་ཞིག་ལས་འགུལ་ནང་མཉམ་ཞུགས་དང་གསུང་བཤད་གནང་ཡོད་པ་མ་ཟད། དེ་མིན་ད་དུང་འཇར་མན་རྒྱལ་ནང་དང་ཡོ་རོབ་ས་གནས་ཁག་གི་ཆོས་ལུགས་དང་སྨྱན་སྦྱོར། རིག་གནས་བཅས་ཀྱི་སྡེ་ཁག་གི་མི་སྣ་གྲགས་ཅན་མང་པོ་ཞིག་ཀྱང་ཆེད་ཕེབས་གནང་ཡོད་འདུག
 
         གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཁྲོམ་སྐོར་གྱི་བརྗོད་བྱ་ནི་ལྗེའུ་རིགས་ལ་འཁོན་འཛིན་བྱེད་པར་ངོ་རྒོལ་བྱ་དགོས་པ་མ་ཟད་ལྗེའུ་རིགས་ལ་མཐུན་སྒྲིལ་བྱ་དགོས་པར་འབོད་སྐུལ་གཏོང་རྒྱུ་དེ་ཡིན་འདུག ཙུང་ལི་མའོ་ཁིར་གྱིས་ཐེངས་འདིའི་ལས་འགུལ་ཁྲོད་གསུང་བཤད་གནང་དོན། ད་ལྟའི་བར་ལྗེའུ་རིགས་ལ་འཇར་མན་དུ་འཇིགས་སྣང་སྐུལ་ཡོད་ལ། ཐ་ན་འཇབ་རྒོལ་ཡང་ཐེབས་ཡོད་པ་འདི་ནི་ངོ་མ་ཆེས་ཆེ་བའི་གཏམ་ངན་ཞིག་རེད། ཐེངས་འདིའི་ལས་འགུལ་བརྒྱུད་ནས་ང་ཚོས་མི་ཚང་མར་འདི་ལྟར་བརྗོད་དགོས་ཀྱི་ཡོད། ལྗེའུ་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ང་ཚོའི་ཆ་ཤས་ཤིག་ཆགས་ཡོད་ལ། དེ་བཞིན་དུ་ང་ཚོའི་ཐུན་མོང་གི་རིག་གནས་གྲུབ་པར་བྱེད་བཞིན་ཡོད། ཅེས་གསུངས་པ་དང་། དེ་མིན་ཁོ་མོས་མཉམ་འབྲེལ་སྲིད་གཞུང་གི་མཚན་ཐོག་ནས། འཇར་མན་དང་ཡོ་རོབ་གང་དུ་ཡང་རྣམ་པ་གང་རུང་གི་ལྗེའུ་རིགས་དགྲར་འཛིན་གྱི་ལས་འགུལ་སྤེལ་ཚེ་ང་ཚོས་ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་སོང་།
 
           དགོང་ལོ་64ཡིན་པའི་འཇར་མན་གྱི་ལྗེའུ་རིགས་དབུས་ཨུ་ལྷན་གྱི་ཀྲུའུ་ཞི་གྷི་ར་མན་གྱིས་ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་ལ་མཉམ་ཞུགས་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས་ལྗེའུ་རིགས་ཚང་མས་སྔར་ལྷག་གིས་ལྗེའུ་རིགས་ལ་འཁོན་འཛིན་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱ་དགོས་ཞེས་འབོད་སྐུལ་གནང་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1