༄༅།། བོད་བཙན་པོའི་དུས་སྐབས་ཀྱི་ལྡེའུའི་རིག་གཞུང་ལ་རགས་ཙམ་དཔྱད་པ།

ཚེ་རིང་མགོན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-18


ཚེ་རིང་མགོན།

གླེང་སློང་།
          ལོ་རྒྱུས་ཡིག་རྙིང་དང་གནའ་རྫས་བརྟག་དཔྱད་ཀྱི་ར་སྤྲོད་ལྟར་ན་རང་རེའི་ས་ཁོངས་འདིར།  བསྐལ་བ་ཡ་ཐོག་གི་དུས་ནས་བཟུང་འགྲོ་བ་མིའི་རིགས་ཡོད་པའི་བདེན་དཔང་ཡོད་ཅིང་།  འགྲོ་བ་མི་ཡོད་པ་ན་མིའི་ཤེས་རབ་གྱིས་བསྐྲུན་པའི་རིག་གནས་ཤུལ་བཞག་ཡོད་དགོས་པ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཆོས་ཉིད་ཅིག་ཏུ་འཁུམས་ཕྱིར།  ཞང་ཞུང་ནས་སྤུར་རྒྱལ་བཙན་པོའི་བར་བོད་རང་ཉིད་ཀྱི་མེས་པོ་དག་གིས་བསྐྲུན་པའི་རིག་གནས་ཀྱི་ཤུལ་བཞག་དེ་དག་གསེར་ས་འོག་ནས་འོད་གནམ་ལ་འཕྲོས་པའི་དཔེ་ལྟར།  གནའ་དེང་མཁས་མང་གིས་སྔོག་འདོན་བྱས་པ་བགྲང་གིས་མི་ལངས་ཤིང་། འདིར་ཡང་རྒྱ་མཚོའི་ནང་ལ་དཀར་ཐིགས་ཀྱི་ཚུལ་དུ་ཅུང་ཙམ་བརྗོད་ན།  སྤུར་རྒྱལ་བཙན་པོའི་སྲིད་འབྱོར་རིག་གསུམ་གྱི་རྨང་གཞི་ཇེ་བརྟན་དུ་གྱུར་བའི་འགྲོས་དང་བསྟུན་ནས།   སྔར་ཆེ་ཕྱོགས་ནས་ཚང་མ་བོན་གྱི་རིག་པའི་གཞུང་ལུགས་སུ་གཅིག་བསྡུས་བྱས་ཡོད་པ་དེ་དག་ལས་སྤྱི་ཚོགས་སུ་སྤྱོད་སྒོའི་ནུས་པ་མི་འདྲ་བ་ལ་དམིགས་ཏེ་རིག་ཚན་གྱི་དབྱེ་བ་གསར་དུ་འབྱེད་པའི་འགོ་ཚུགས་ཤིང་།   དེ་ཡང་ནང་སེམས་ཀྱི་རྒྱབ་དཔུང་བཅོལ་ས་དང་བསམ་བློའི་དབང་བསྒྱུར་གྱི་དགོས་མཁོའི་ཆོས་ལུགས་རང་བཞིན་གྱི་“བོན”①ཏེ།  དཔེར་ན་《མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》②སུ་གསལ་བའི་མདོས་གཏོ་གླུད་འདུར་དང་། ཕྱྭ་གཡང་ཤི་མཆོད་ལྟ་བུའི་འཇིག་རྟེན་པའི་ཆོ་གའི་རྣམ་པར་གཏོགས་པའི་བོན་དང་།  བོན་སྒོ་བཞི་མཛོད་ལྔ་དང་ཐེགས་པ་རིམ་དགུ། རྫོགས་པ་ཆེན་པོ་ལྟ་བུའི་ཟབ་མོ་ཆོས་ལུགས་རིག་གནས་ཀྱི་སྐོར་སོགས་མང་དུ་ཡོད་པས་འདིར་ཕྱོགས་འདྲེན་ཙམ་བྱས་པ་དང་གཅིག  རང་ཉིད་ཀྱི་འབྱུང་ཁུངས་ཤེས་པ་དང་མེས་པོའི་མཛད་རྗེས་མི་བརྗེད་པར་རྗེས་སུ་དྲན་པའི་ལོ་རྒྱུས་རྣམ་པའི“སྒྲུང་སྟེ།   མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས“ཡང་གསང་ཐེ་བྲང་ལས་ཆད་གཉའ་ཁྲིར་བཏགས་སྐད།   ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དང་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ་འོ་ངེད་ཅག་གི་རྗེ་བཅོལ་ལོ་བྱས་ནས།  གཉའ་བའི་ཁྲི་ལ་བླངས་ནས་འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ།། ”③ཞེས་པའི་སྒྲུང་འདི་ལས་བོད་རྗེ་གཉའ་ཁྲི་བཙན་པོ་བྱུང་བའི་ལོ་རྒྱུས་དངོས་དོན་མཚོན་པ་དང་། དེ་བཞིན་མ་སང་གི་སྒྲུང་དང་ཐེའུ་རང་གི་སྒྲུང་སོགས་ཀྱིས་སྐབས་དེའི་ལོ་རྒྱུས་མཚོན་པའི་སྒྲུང་ཤིན་ཏུ་མང་པོ་ཞིག་ཡོད་པ་དང་གཉིས།  བླང་དོར་གྱི་ཐབས་ལ་མི་རྨོངས་པའི་གཏན་ཚིགས་ཚད་མའི་རང་བཞིན་གྱི“ལྡེའུ་བཅས་གཙོ་བོ་གསུམ་དུ་དགར་བར་མངོན་ཏེ།   བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་རྗེ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་བར་དུ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་མགྲིན་གཅིག་ཏུ་བརྗོད་པ་ནི《རྒྱལ་པོ་བཀའི་ཐང་ཡིག》གི་བོད་ཁམས་ཆོས་རྒྱལ་ཇི་ལྟར་བྱོན་ཚུལ་ལས་“རྗེ་གཅིག་གཉའ་ཁྲི་བཙན་པོའི་སྐུ་རིང་ལ།། ལྷ་ཡི་ཆོས་ལུགས་སྒྲུང་དང་ལྡེའུ་བྱུང་།།”ཞེས་དང་།ན་《རྒྱལ་རབས་གསལ་བའི་མེ་ལོང》ལས“ཆབ་སྲིད་ནི་སྒྲུང་སྟེ་ལྡེའུ་བསྒྱུར་རོ།།”⑤ཞེས་སོགས་མང་དུ་ཡོད་མོད་འདིར་དཔེར་མཚོན་ཙམ་དྲངས་པ་ཡིན།   དེ་དག་གིས་བོན་སྒྲུང་ལྡེའུ་གསུམ་ནི་སྐབས་དེའི་བོད་སྤྱི་ཚོགས་གོང་འཕེལ་གྱི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་གཙོ་བོ་ཞིག་ཏུ་གྲུབ་ཡོད་པ་མཚོན་ལ།  བོད་བཙན་པོའི་སྟོབས་འབྱོར་དང་བོད་ཁམས་ཧྲིལ་བོའི་གཅིག་གྱུར་ཡང་རྨང་གཞི་དེའི་སྟེང་ནས་རྐང་ཚུགས་པ་ཞིག་ཡིན་པ་དང་།  ལྷག་པར་དུ་བོན་སྒྲུང་གཉིས་ལ་དཔལ་དོན་གྲུབ་རྒྱལ་སོགས་གནའ་དེང་མཁས་མང་གིས་དཔྱད་བརྗོད་མཛད་པ་ཅུང་མང་མོད་སྐབས་བབས་ཀྱི་བརྗོད་བྱ་མིན་པས་དེ་ཙམ་གྱིས་ཆོག་པར་བྱའོ།།
          འདིར་སྐབས་སུ་བབས་པའི་བརྗོད་གཞི་བོན་སྒྲུང་ལྡེའུ་གསུམ་ལས་ལྡེའུ་ནི་བོན་ཆོས་མཚན་ཉིད་རིག་པའི་བསམ་བློའི་རྨང་གཞིའི་སྟེང་ནས།  མིའི་རིགས་ཀྱི་ལེགས་ཉེས་བླངས་དོར་འབྱེད་པའི་རྩ་བ་སྟེ་ཤེས་རབ་ཀྱི་རིག་པ་འདི་ཡིན་པ་ངོས་ཟིན་པ་དང་། དེ་ནི་ད་ལྟའི་ཚད་མ་རིག་པའི་གཞུང་ལུགས་དང་བརྡ་ཆད་བརྗོད་སྟངས་ཀྱི་ཁྱད་པར་ཙམ་མ་གཏོགས་དོན་གྱི་ངོ་བོའི་ཆ་ནས་ཕལ་ཆེར་གཅིག་ཏུ་སོང་ཕྱིར།   བོད་རང་མཚན་པའི་ཚད་མ་རིག་པའམ་གཏན་ཚིགས་རིགས་པའི་རིག་གཞུང་དངོས་བྱུང་བའི་མཚོན་རྟགས་སུ་འཁུམས།  འོན་ཀྱང་འདིའི་སྐོར་གྱི་གཞུང་ལུགས་དག་དུས་ཡུན་རིང་པོའི་ལོ་རྒྱུས་ཆག་གྲུམ་ཁྲོད་བོར་བརླག་ཏུ་སོང་བ་དང་། གནའ་དེང་མཁས་མང་གི་དཔྱད་བརྗོད་ཀྱང་གཉན་པོ་གསང་བའི་ཚུལ་དུ་གནས་ཕྱིར།  དེང་རབས་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པས“ལྡེའུ་ཞེས་པ་ནི་ཁེད་ཁོ་ན་ཙམ་ཞིག་མ་ལགས་ཀྱི།   དཔེར་ན་བོན་ལ་གྲགས་པའི་ལྡེའུ་འཕྲུལ་དང་གསང་གཞམ་ཟབ་གནད་ཀྱི་ལྡེའུ་ལྟ་བུ་ཁེད་ཡིན་ན་དེ་འདྲའི་རྒྱ་གང་ལ་ཆེ།  དེ་བཞིན་དུ་ལྡེའུ་ལ་གོ་རྒྱུ་ཟབ་མོ་རེ་ཡོད་སྙམ་ཡང་འོན་ཀྱང་མཁས་པའི་དབང་པོ་ཚོས་ཀྱང་ཁེད་དང་གཅིག་ཏུ་བཞེད་དེ་ཟུར་དུ་ཡོད་ན་བཀའ་དྲིན་ཆེ་ཞུ་ཞེས་གསུངས་པ་ལ་བསམས་ན་ཁོ་བོ་ལྟ་བུའི་སྤྱོད་ཡུལ་མིན་པ་ཤེས”⑥ཞེས་གསུངས་པ་ལ་དཔོགས་ན་བདག་ལྟ་བུ་ཞིག་གི་སྤྱོད་ཡུལ་དུ་དེ་བས་ཀྱང་མི་རིགས་པ་འདྲ་མོད།   ཇི་སྐད་དུ་སྟོན་པ་ཐུབ་པའི་དབང་བོས“ལུང་མི་གཙོ་རིགས་པ་གཙོ”གསུངས་པའི་ལེགས་བཤད་འདིས་མི་རང་ཉིད་ལྟ་བུ་ལའང་སྤོབས་པ་ཅུང་རྒྱས་སུ་བཅུག་པས་ན།   ད་སྔ་རང་གིས་མཐོང་ཐོས་སུ་གྱུར་བའི་ལྡེའུའི་བསྐོར་གྱི་དཔྱད་བརྗོད་དག་གཞིར་བཟུང་བ་དང་།   གཙོ་བོ་རྗེས་དཔག་རིག་པའི་ཐབས་ལ་བརྟེན་ནས་ལྡེའུ་ནི་བོད་རང་ཉིད་ཀྱིས་གསར་གཏོད་བྱས་པའི་ཚད་མའམ་གཏན་ཚིགས་རིགས་པ་ཐོག་མ་ཡིན་པར་སྒྲུབ་པ་ལ།   ལྡེའུའི་མིང་གི་ཐོགས་སྟངས་དང་དོན་གྱི་གོ་དོན། སྤྱོད་སྒོ་སོགས་གཙོ་བོ་ཕྱོགས་གསུམ་ལ་དཔོགས་ནས་ཚད་མའི་རིག་གཞུང་ཡིན་པར་དཔྱད་པར་བྱའོ།། 
གཅིག ལྡེའུའི་མིང་ཀི་ཐོགས་སྟངས་ཀྱི་ཐད་ནས་དཔྱད་པ།
          བོད་རང་ཉིད་ཀྱི་ལོ་རྒྱུས་ཡིག་ཚང་མང་ཤོས་དང་བསྟུན་ན་ལྡེའུ་ནི་ཁེད་དམ་གབ་ཚིག་ལ་གོ་བར་བྱས་མོད།  ཞིབ་ཏུ་གཞིགས་ན་བོད་བཙན་པོའི་སྲིད་སྐྱོང་ཐད་ནུས་པ་ངེས་ཅན་ཐོན་པའི་གཞུང་ལུགས་ཤིག་བྱིས་པའི་རོལ་རྩེད་ཁོ་ན་ཙམ་ལ་གོ་ན་ཧ་ཅང་དགོད་བྲོ་བ་ཙམ་མ་ཡིན་ནམ།  གབ་ཚིག་གམ་ཁེད་ནི་རིག་པའི་བརྡར་ཤ་གཅོད་པའི་རིག་རྩེད་ཡ་མཚན་ཞིག་ཡིན་པར་མ་ཟད་གཏན་ཚིགས་ཀྱི་གོ་དོན་ཡང་ཟབ་མོ་ཞིག་ལྡན་ཕྱིར།    གཅིག་ཏུ་སྔོན་བྱོན་མཁས་མང་ཀུན་ཀྱིས་བཞེད་པ་ལྟར་ལྡེའུ་ནི་ད་ལྟའི་ཁེད་དམ་གབ་ཚིག་འདི་དང་ཆ་འདྲ་བ་ཞིག་ཡིན་པར་འདོད་པའི་ཐད་ནས་དཔོག་ན། དེ་ནི་སྤྱིར་བཏང་གི་རྩེད་རིག་ཁོ་ན་ཙམ་གཏན་ནས་མ་ཡིན་པར། དངོས་པོ་བྱེ་བྲག་ཞིག་གི་དངོས་ཡོད་ཀྱི་ཁྱད་ཆོས་ཤིག་གམ་ཡང་ན་མངོན་སུམ་གྱི་སྡོད་ལུགས་སམ་གྲུབ་ལུགས་ཤིག་གཞིར་བཟུང་བ་ཡིན་ཕྱིར། ཆོས་དེའི་གོ་དོན་ནམ་མཚན་ཉིད་ལྟ་བུ་ཞིག་ཏུ་སོང་ཡོད་པས་ནང་བསྟན་ཚད་མའི་གཞུང་ལུགས་སུ་བསྟན་པའི་མཚན་མཚོན་གྱི་མཚན་ཉིད་དང་ཆ་འདྲ་བ་ཞིག་ཏུ་གྲུབ་ཡོད་དེ།    བོད་བཙན་པོའི་དུས་སྐབས་སུ་གསར་གཏོད་གཙོ་བོ་ཞིག་ཏུ་བགྲང་བའི་སྲང་ལ་གབ་བྱེད་ཐེམ་གཉེར་སྦ་བ་ཆེ་ཞེས་བརྗོད་པ་དེ།  སྔ་རབས་མཁས་མང་ཐུན་མོང་གིས་ལྡེའུ་སྒྲུབ་བྱེད་ཀྱི་དཔེ་འདྲེན་དུ་བཀོད་པ་དེ་ལ་གཞིགས་ཚེ། ང་ཚོས་དངོས་སུ་དཔོག་ཐུབ་པ་ནི་ཐེམ་གཉེར་ཏེ་འཇལ་གྲངས་རིམ་པ་བཞིན་ཡོད་པ་དང་། སྦ་བ་ཆེ་སྟེ་འཇལ་རྡོ་སྦ་བ་ལྟ་བུ་ཞིག་ཡོད་པ་ཞེས་སྟོན་པ་དེས་སྲང་ངམ་རྒྱ་མའི་གྲུབ་ལུགས་མངོན་སུམ་གཞིར་བཟུང་བ་ཡིན་ཕྱིར།  ནང་བསྟན་ཚད་གཞུང་དུ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་ཞིག་བུམ་པའི་མཚན་ཉིད་དུ་བཞག་པ་ལྟ་བུའི་རྫས་ཡོད་ཆོས་གསུམ་ཚང་བའི་སྲང་གི་མཚན་ཉིད་ངོ་མ་ཞིག་ཏུ་སོང་ཡོད་དེ།  སྤྱིར་མཚན་ཉིད་ཡིན་ཚུལ་ནི་གབ་བྱེད་ཐེམ་གཉེར་སྦ་བ་ཆེ་སྟེ་སྤྱིར་ཆོས་བྱེ་བྲག་པ་ཞིག་གི་གོ་དོན་ནམ་མཚན་ཉིད་ཡིན་པ་ལས་གབ་བྱའམ་མཚོན་བྱ་ཞིག་གཏན་ནས་མ་ཡིན་པ་དང་།  རང་གི་མཚན་གཞིའི་སྟེང་དུ་གྲུབ་ཚུལ་ནི་རང་གི་གབ་བྱ་སྲང་ངམ་རྒྱ་མའི་སྟེང་དུ་དེ་ལྟར་དུ་གྲུབ་ཡོད་པ།  རང་གི་མཚོན་བྱ་ལས་གཞན་ཞིག་གི་མཚན་ཉིད་མི་བྱེད་ཚུལ་ནི་དེས་གབ་བྱ་སྲང་ངམ་རྒྱ་མ་དེ་ལས་ཆོས་གཞན་ཞིག་གི་གོ་དོན་ནམ་མཚན་ཉིད་དུ་མི་འགྲོ་བས་ན་མཐོང་ཐུབ། དེ་བཞིན་གབ་བྱ་སྲང་ངམ་རྒྱ་མ་ནི་མཚན་གཞི་བུམ་པ་ལྟ་བུའི་བཏགས་ཡོད་ཆོས་གསུམ་ཚང་བ་ཞིག་ཏུའང་སོང་ཡོད་ཚུལ་ནི་སྤྱིར་མཚོན་བྱའམ་གབ་བྱ་ཡིན་པ།  རང་གི་མཚན་གཞིའམ་གབ་བྱའི་སྟེང་དུ་གྲུབ་པ།  རང་གི་མཚན་ཉིད་དམ་གབ་བྱེད་གང་ཡིན་པ་དེ་ལས་གཞན་པ་ཞིག་གི་མཚོན་བྱའམ་གབ་བྱ་མི་བྱེད་པ་སོགས་ནི་གོང་དང་རིགས་འདྲ་ཞིང་། དེ་བས་ཀྱང་ཁ་གསལ་ཙམ་དུ་བཏང་ན། ཇི་སྐད་དུ་ཚད་མ་རིག་གཏེར་ལས། “མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ།། མཚན་ཉིད་ཀུན་གྱི་སྤྱི་སྐྱོན་ཡིན།།”⑦ཞེས་གསུངས་པ་ལྟར།  མ་ཁྱབ་ཅེས་མཚན་ཉིད་དེ་རང་གི་མཚོན་བྱའི་ཆ་ཤས་ཐམས་ཅད་ལ་མ་ཁྱབ་པ་དང་།  ཁྱབ་ཆེ་ཞེས་རང་ལས་གཞན་པ་རང་གི་མཚོན་བྱ་མ་ཡིན་པ་ལའང་ཁྱབ་པ།  མི་སྲིད་ཅེས་རང་གི་མཚོན་བྱའི་དོན་དུ་མི་སྲིད་པའམ་རང་གི་མཚོན་བྱའི་དོན་ལྡོག་མ་ཡིན་པའི་སྐྱོན་གསུམ་དང་བྲལ་ཞིང་།    མཚན་མཚོན་ཁྱབ་པ་སྒོ་བརྒྱད་ཀྱི་རྣམ་གཞག་ཀྱང་བོད་སྔ་རབས་པས་ཁེད་དམ་གབ་ཚིག་ལྟ་བུར་འདོད་པའི་ལྡེའུའི་སྟེང་དུ་ཕལ་ཆེར་གྲུབ་ཡོད་དེ།  དཔེར་ན།  འབྲོང་མིན་པའི་རུ་ཐུར་ཅན། བྱ་མིན་པའི་གཤོག་པ་ཅན། སྟག་མིན་པའི་ཕྱ་མོ་ཅན་ལྟ་བུའི་གབ་ཚིག་དེ་མཚན་ཉིད་དང་རང་གི་གབ་བྱ་སྦྲང་མ་མཚོན་བྱར་བཟུང་ནས་དཔྱད་ན། གབ་ཚིག་ཏུ་སྟོན་པའི་རུ་ཐུར་དང་གཤོག་པ། ཕྱ་མོ་སོགས་གབ་བྱ་སྦྲང་མའི་ཆ་ཤས་ཐམས་ཅད་ལ་ཁྱབ་པ་དང་།   དེའི་སྟེང་དུ་གྲུབ་པ་ཞིག་ཡིན་པས་མ་ཁྱབ་པ་དང་མི་སྲིད་པའི་སྐྱོན་སྤང་ལ། ཁྱད་ཆོས་དེ་མ་ཚང་བའི་འབུ་རིགས་གཞན་གང་ལའང་མི་འཇུག་པས་ན་ཁྱབ་ཆེ་སོགས་ཀྱི་སྐྱོན་གསུམ་དང་བྲལ་ཡོད་པ་ལས་གཞན་དུ་མཚན་ཉིད་ཕྱོགས་ཀྱི་སྒོ་བཞི་སྟེ།  གཤོག་པ་དང་རུ་ཐུར།  ཕྱ་མོ་སོགས་ཚང་བའི་འབུ་རིགས་ཤིག་ཡིན་ན་སྦྲང་མ་ཡིན་པ་དང་།  དེ་ཡོད་ན་སྦྲང་མ་ཡོད་པ། དེ་མེད་ན་སྦྲང་མ་མེད་པ། དེ་མིན་ན་སྦྲང་མ་མིན་པ་བཅས་དང་།   མཚོན་བྱའི་ཕྱོགས་ཀྱི་སྒོ་བཞི་སྟེ།  སྦྲང་མ་ཡོད་ན་གཤོག་པ་དང་རུ་ཐུར།  ཕྱ་མོ་སོགས་ཚང་བའི་འབུ་རིགས་ཀྱི་མཚན་ཉིད་དམ་གབ་ཚིག་དེ་ཡོད་པ་དང་། སྦྲང་མ་ཡིན་ན་དེ་ཡིན་པ། སྦྲང་མ་མེད་ན་དེ་མེད་པ།   སྦྲང་མ་མིན་ན་དེ་མིན་པ་བཅས་མདོར་ན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་ཀྱང་ཚང་ཡོད་པ་ཞིག་ཏུ་ཕལ་ཆེར་སྦྱོར་འོས་པ། དེ་མིན་གབ་ཚིག་གི་རིག་པ་འདིའི་ཐོག་ནས་ནུབ་ཕྱོགས་གཏན་ཚིགས་རིག་པའི་རིགས་འདེད་ཀྱི་བསམ་གཞིགས་ལས་དོན་སྤྱི(概念)དང་ཡང་ཅུང་མཐུན་ཏེ།  དེར་བརྗོད་པའི་དོན་སྤྱི་ནི་བྱ་དངོས་ཤིག་གི་ངོ་བོའི་རང་བཞིན་ནམ་ཁྱད་པར་གྱི་རང་བཞིན་མཚོན་པའི་བསམ་གཞིགས་ཀྱི་རྣམ་པ་ཞིག་ལ་བརྗོད་པ་བཞིན།  གབ་ཚིག་ལྡེའུ་ཡང་དེ་ལས་མ་འདས་པས་དངོས་པོ་གང་རུང་ཤིག་གི་ཁྱད་པར་གྱི་ཆོས་སམ་ངོ་བོའི་ཆོས་ཤིག་བརྗོད་པའི་སྟེང་ནས་དོན་སྤྱི་བྱེ་བྲག་པ་ཞིག་དཔོག་དགོས།      དཔེར་ན།  མི་དཔོག་པར་འདོད་ནས་རྐང་ལག་བཞི་ལྡན་ཞེས་ཁྱབ་བྱེད་དང་འགལ་བའི་སྐྱོན་ཤོར་བ་དང་།   ཆུ་དཔོག་པར་འདོད་ནས་ཚ་ཞིང་བསྲེག་པ་ཞེས་ངོ་དང་འགལ་བའི་སྐྱོན་ཤོར་མི་རུང་བ་ལྟ་བུ་སོགས་ཞིབ་ཏུ་དཔྱད་ན་རིགས་མཐུན་མི་ཉུང་བ་ཞིག་ཡོད་པར་རིགས་སོ།། དེ་ན་ལྡེའུ་ལ་དེ་བས་ཀྱང་དོན་ཀྱི་གོ་ཟབ་ཅིང་བཀོལ་རྒྱ་ཆེ་བས་བོད་བཙན་པོའི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་རྒྱས་པར་བོན་སྒྲུང་གཉིས་ལས་ཀྱང་ནུས་པ་ཐོན་པའི་རིག་པའི་གཞུང་ལུགས་ཤིག་ཏུ་འདོད།
          སྤྱིར་མིང་ངམ་ཐ་སྙད་ཀྱི་ཐོགས་ཚུལ་ཐད་གཙོ་བོ་ཆོས་གང་ཡང་རུང་བ་ཞིག་ལ་རྒྱུ་མཚན་དང་གནས་ལུགས་ཅི་ཡང་འཚོལ་དུ་མེད་པར་མི་བུ་རང་ཉིད་ཀྱིས་ངོས་འཛིན་གྱི་རིག་པ་རགས་མོས་བཏགས་པའི་འདོད་རྒྱལ་གྱི་མིང་དང་།   འདོད་རྒྱལ་གྱིས་བཟོས་པའི་དངོས་མིང་དེ་དང་འདྲ་བའམ་འབྲེལ་བ་ཅི་རིགས་ཤིག་གྲུབ་པའི་སྒོ་ནས་རྟོག་པས་བཏགས་པའི་རྗེས་གྲུབ་ཀྱི་མིང་།  དོན་གྱི་གོ་བ་ཟབ་ཅིང་མིའི་བསམ་གཞིགས་ཀྱི་ཚད་རིམ་མཐོ་ས་ནས་བྱུང་བའི་མཚན་ཉིད་རིག་པའི་མིང་བཅས་གསུམ་ཡོད་པ་ལས།   ལྡེའུ་ཞེས་པའི་ཐ་སྙད་འདི་ནི་ཉི་མ་དང་ཟླ་བ་ལྟ་བུའི་འདོད་རྒྱལ་གྱི་མིང་ཞིག་གཏན་ནས་མ་ཡིན་པར་རྒྱུ་མཚན་དང་གནས་ལུགས་ཀྱི་སྒོ་ནས་བཏགས་པའི་ཕྱི་མ་གཉིས་ཀའི་ཁོངས་སུ་གཏོགས། དེ་ཡང་མཁས་དབང་ནམ་མཁའི་ནོར་བུས“བོད་སྐད་དུ་ཚིག་དེ་བེད་སྤྱོད་ཡོད་པ་ནི།  ལྡེའུ་མིག་ཅེས་པ་སྒོ་ལྕགས་ཕྱེད་བྱེད་དེའམ་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ཚན་སྣོན་ཞེས་བྱ་བ་དེའི་མིང་གི་བྱེ་བྲག་ཅིག་ལ་འཇུག་པ་ཡིན། སྤྱིར་བཏང་ལྡེའུ་མིག་ནི་སྒོ་འབྱེད་བྱེད་ཡིན་པ་དང་སྒོ་ནི་ཁང་བའི་སྒོ་ཙམ་དུ་མ་ཟད་ནམ་རྒྱུན་དུ་ཡོངས་སུ་གྲགས་པའི་སྒོ་གསུམ་སྟེ་ལུས་ཀྱི་སྒོ་དང་ངག་གི་སྒོ་དང་ཡིད་ཀྱི་སྒོ་རྣམས་ལའང་འཇུག་པ་ཡིན། སྒོ་དེ་གསུམ་དང་མ་འབྲེལ་བ་ནི་ཅི་ཞིག་ཀྱང་མེད་ལ་སྒོ་དེ་གསུམ་འབྱེད་བྱེད་ཡང་དག་པ་ནི་ཤེས་རབ་དམ་པ་དེ་ཙམ་དུ་ངེས་ཤིང་།  ཤེས་རབ་དམ་པ་དེ་ནི་ལྡེའུ་མིག་དང་ཆ་འདྲ་བས་དེའི་དོན་ལ་འཇུག་པའི་དབང་དུ་བྱས་ན་མ་འགྲིག་པ་ཅི་ཞིག་ཡོད།”⑧ཅེས་གསུངས་པ་ལྟར་ལྡེའུ་ནི་མིའི་ཤེས་རབ་ཀྱི་སྒོ་འབྱེད་པའི་ཐབས་ཤེས་བླ་ན་མེད་པའི་རིག་པའི་གཞུང་ལུགས་ཤིག་ཡིན་ཕྱིར།  ལྡེ་མིག་དང་ཆ་འདྲ་བས་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཏུ་འདོད་ན་ཤིན་ཏུ་གནས་ལུགས་དང་མཐུན་པར་སེམས་ཏེ།    སྟོད་ཀྱི་སྟེང་གཉིས་དུས་སྐབས་སུ་མཛངས་བློན་རུ་ལས་སྐྱེས་ཀྱིས་རི་ཁྱིམ་གྲོང་ལ་ཕབ་ནས་གྲོང་མཁར་བརྩིགས་པའི་ལས་དོན་ལེགས་འགྲུབ་བྱུང་བའི་དུས་དེར།  ཁང་ཁྱིམ་བཙན་པོར་གཏོང་བའི་ཐབས་སྒོ་ལ་ཟྭ་དང་ལྡེ་མིག་བཟོས་པ་ནི་གསར་གཏོད་ཀྱི་བྱས་རྗེས་ཁྱད་དུ་འཕགས་པ་ཞིག་ཡིན་ཕྱིར་དངོས་པོ་དེར་བརྩི་མཐོང་ཆེ་བ་དང་། ཕྱོགས་གཞན་ནས་གཞིགས་ན་གསར་གཏོད་དེའང་རིག་པ་བློ་གྲོས་རྒྱས་པའི་གྲུབ་འབྲས་སུ་མཐོང་ཕྱིར།   རིག་པའི་སྒོ་མོ་འབྱེད་པའི་རིག་གཞུང་དེར་དེ་བས་ཀྱང་གདེང་འཇོག་མཐོ་བ་བརྗོད་མ་དགོས་པ་ཞིག་ཏུ་འཁུམས་སོ།། དེ་བཞིན་སྒོ་སོགས་འབྱེད་བྱེད་ལ་ལྡེ་མིག་ཅེས་བརྗོད་པའི་ཐ་སྙད་འདི་ནི་མདོ་དབུས་ཁམས་གསུམ་ཚང་མ་གཅིག་མཐུན་དུ་ཡོད་ཅིང་།  དེས་ན་ཅིའི་ཕྱིར་ལྡེ་ལ་འུ་སྒྲ་སྦྱར་བ་ཡིན་ཞེས་ན་དེ་ཡང་ནམ་མཁའི་ནོར་བུས“ལྡེའུ་ཞེས་པ་ནི་དཔེར་ན་མི་ཆུང་ངུ་ལ་མིའུ་དང་རྟ་ཆུང་ངུ་ལ་རྟེའུ་ཞེས་པ་ལྟ་བུ་སྟེ། དོན་དུ་ལྡེ་ཡི་ཆུང་ཚིག་གམ་དམན་ཚིག་ཡིན་པ་ལས་དངོས་དོན་ལ་མི་འདྲ་བ་འགའ་ཡང་མེད”ཅེས་གསུངས་པ་བཞིན་མི་དང་མིའུ།  རྟ་དང་རྟེའུ།  བ་དང་བེའུ།  བྱ་དང་བྱེའུ་སོགས་ཆུང་ངུ་ལ་འུ་སྒྲ་སྦྱོར་བ་ནི་བོད་རང་ཉིད་ཀྱི་སུམ་རྟགས་ཀྱི་དགོངས་པ་རྨ་མེད་པ་ཞིག་ཡིན། འོན་ཀྱང་བདག་གི་བསམ་ཚུལ་དུ་འདིར་ལྡེ་ལ་འུ་སྦྱར་བའི་དགོས་པ་ནི་གོང་ལྟར་ཆུང་ཚིག་གམ་དམན་ཚིག་ཅིག་གཏན་ནས་མིན་པར་ཕྲ་མོ་དང་ཞིབ་མོའི་དོན་དུ་སེམས་ཏེ།  ཆུང་བ་དང་ཕྲ་མོ་ཞིབ་མོ་བཅས་ལ་སྐབས་རེར་ཚིག་དོན་གྱི་ཆ་ནས་འབྲེལ་བ་གྲུབ་ཡོད་ཅིང་།   དེ་དག་ནི་ཆེ་བ་དང་རགས་མོ་སོགས་ཀྱི་ལྡོག་ཟླར་ལངས་ཕྱིར་ལྡེའུ་ཞེས་སྦྱོར་བའི་དགོས་པ་ནི་རིག་པ་ཕྲ་མོའམ་ཞིབ་མོ་ཞེས་པའི་དོན་དུ་སོང་བས་ན་བོད་རང་གི་མཁས་ཆེན་འགས་བརྩམས་ཆོས་ཀྱི་མིང་ལའང་《རིག་ལམ་འཕྲུལ་ལྡེ་》ཞེས་འདོག་སྲོལ་ཡོད་པས་ཀྱང་མཚོན།  གཞན་ཡང་ལྡེའུ་དང་ལྡེབས་གཉིས་དོན་གཅིག་ཏུ་འདོད་པ་དང་ལྡེའུ་དང་ལྡེམ་གཉིས་དོན་གཅིག་དུ་འདོད་པའི་བརྗོད་ཚུལ་ཅི་རིགས་ཤིག་ཡོད་པ་དང་།  དེའི་སྐོར་ལ་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་པའི《བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཚུལ་དང་བོད་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་བ་གཟི་མིག་དགུ་བ》⑨ཡི་ནང་དུ་རྗེ་བླ་མའི་ལེགས་བཤད་གསེར་ཕྲེང་དང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་《ཕར་ཕྱིན་མཐའ་དཔྱོད་》སོགས་ལས་ལུང་འདྲེན་བྱས་ཡོད་ཀྱང་ལྡེའུའི་མིང་གི་ཐོག་སྟངས་དང་དེ་ཙམ་གྱིས་འབྲེལ་བ་ཆགས་ཡོད་པར་མི་སེམས།  གཙོ་བོ་དེ་དག་དང་ལྡེའུའི་གོ་དོན་གྱི་ཆ་ལ་འདྲ་ས་ཡོད་ཕྱིར་ཡིན་པར་འདོད་པས་ན་གཤམ་དུ་གོ་དོན་གྱི་སྐབས་སུ་ཅུང་ཟད་འཆད་པར་བྱ་བས་དེར་གཟིགས།  རང་ལུགས་ལྟར་ན་ལྡེའུ་ཞེས་པའི་ཐ་སྙད་འདི་ནི་ལྡེ་མིག་ཅེས་པའི་འདོད་རྒྱལ་གྱི་ཐ་སྙད་དེའི་བེད་སྤྱོད་ཀྱི་ནུས་པར་ངོས་ཟིན་པའི་འུ་ཚོའི་མེས་པོ་ཚོས་མིའི་བློ་གྲོས་ཀྱི་སྒོ་མོ་འབྱེད་ནུས་པའི་རིག་པའི་གཞུང་ལུགས་དེ་དེ་དང་འདྲ་བ་རྒྱུ་མཚན་གྱི་སྒོ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཞིག་ཡིན་ལ།  རིག་གཞུང་དེས་བོད་བཙན་པོའི་སྲིད་འབྱོར་རིག་གསུམ་གྱི་གོང་འཕེལ་ཐད་ནུས་པ་བླ་ན་མེད་པ་ཞིག་ཐོན་པ་དང་བསྟུན།  ལྡེའུ་ཞེས་པའི་ཐ་སྙད་དེའི་གོ་དོན་ཇེ་ཟབ་དང་སྤྱོད་སྒོ་ཇེ་ཆེར་འཕེལ་བ་ཞིག་ཡིན་པར་གདོན་མི་ཟའོ།། 
གཉིས། ལྡེའུའི་གོ་དོན་གྱི་ཐད་ནས་དཔྱད་པ། 
          དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས།།  གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།།  མདོ་སྡེ་འབྱུང་བའི་ལྟས་སུ་སྒྲུང་རྣམས་དར།། མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྱོད།།”⑩ཅེས་པ་ལས་ཆོས་ལུགས་ཀྱི་ཆོ་ག་དང་རིམས་གྲོ། བྱེད་སྒོ་སོགས་སྤེལ་བའི་བོན་དང་། སྟོན་པའི་རྣམས་ཐར་དང་མཛངས་བླུན་གྱི་མདོ་ལྟ་བུའི་བཙན་པོའི་བྱུང་བ་དང་ལོ་རྒྱུས་མཚོན་པའི་སྒྲུང་།  ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པའི་མངོན་པའི་སྡེ་སྣོད་ལྟ་བུའི་ལྡེའུ་ཞེས་བོད་བཙན་པོའི་སྐབས་ཀྱི་བོན་སྒྲུང་ལྡེའུ་གསུམ་དང་ནང་བསྟན་རིག་གཞུང་གི་རྩ་བའི་གྲུབ་ཆ་གསུམ་སྟེ་སྡེ་སྣོད་གསུམ་དང་ནང་དོན་མཐུན་པའི་སྒོ་ནས་དཔེ་འདྲེན་བྱས་པ་དེ་ལས་ལྡེའུ་ནི་མངོན་པའི་སྡེ་སྣོད་དང་མཐུན་པར་ཁས་འཆས་ཡོད་ཅིང་།   སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་ལོག་རྟོག་གི་རྒོལ་ངན་མཐའ་དག་ཚར་གཅོད་པའི་གཏན་ཚིགས་རང་བཞིན་གྱི་ཚད་མ་དང་།  འཇིག་རྟེན་གྲུབ་ལུགས་སོགས་མཚན་ཉིད་རིག་པའི་ལྟ་བ་མཛོད་གཉིས་འདུ་བ་ཡིན་ཏེ།  རྒྱལ་ཚབ་དར་མ་རིན་ཆེན་གྱིས“དོན་བསྡུས་ན་བསྟན་བཅོས་སྡེ་བདུན་པོ་འདི།   བདག་མེད་གཉིས་རིགས་པས་རྩལ་དུ་བཏོན་ནས་འཆད་པ་ནང་རིག་གི་བསྟན་བཅོས་ནང་ནས་ཀྱང་མངོན་པའི་བསྟན་བཅོས་ཡིན་པ”⑾ཞེས་གསུངས་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《ཤེས་བྱ་ཀུན་ཁྱབ》ཏུའང་ལྷག་པ་ཤེས་རབ་ཀྱི་བསླབ་པ་རིམ་པར་ཕྱེ་བའི་སྐབས་སུ“དེ་ལ་འཇལ་བྱེད་གཅེས་པའི་ལྡེའུ་མིག་དང་།།  གཞལ་བྱའི་དམ་ཆོས་རིན་ཆེན་མཛོད་ཁང་གཉིས།།  འཇལ་བྱེད་ཐུན་མོང་དྲང་ངེས་དགོངས་ལྡེམ་དགོངས།།  རྟོན་དང་རིགས་པ་བཞི་རྣམས་གཙོ་བོར་གྱུར།།”⑿ཞེས་གཞལ་བྱའི་ཆོས་ཐམས་ཅད་འཇལ་བྱེད་ཀྱི་ཤེས་རབ་ཁྱད་པར་བའི་ཐུན་མོང་རིག་གཞུང་ཚད་མའི་རིག་པ་ལ། ཚད་མ་ཞེས་མ་བརྗོད་པར་ལྡེའུ་མིག་ཅེས་བརྗོད་ཡོད་པ་འདིར་གོ་རྒྱུ་ཤིན་ཏུ་ཆེན་པོ་ཞིག་ཡོད་ངེས།   གང་ལྟར་ཀྱང་དེ་དག་ལས་ལྡེའུའི་གོ་དོན་ངོ་མ་དེ་ང་ཚོས་དངོས་ཤུགས་གང་རུང་ནས་དཔོགས་ཐུབ་པས།  དེ་ནི་དངོས་པོའི་གྲུབ་ལུགས་སམ་སྡོད་ལུགས་ངོ་མར་རིག་ལམ་ཕྲ་མོའི་དཔྱད་བཟོད་ཀྱིས་མཚན་ཉིད་འཇོག་པས་ན་ཚད་མ་དང་།  བཙན་པོའི་ལས་དོན་མཐའ་དག་ལ་དཔྱད་གསུམ་དག་པས་ཐག་གཅོད་བྱེད་པ་ཡིན་པས་ན་མི་བསླུ་བ།  རྟགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་ནས་བླངས་དོར་གྱི་གནས་ལ་མ་འཁྲུལ་བར་རིག་པར་བྱེད་པའི་ཐབས་གཙོ་བོ་སྟོན་པའི་རིག་གནས་ཡིན་པས་ན་གཏན་ཚིགས།  མ་རིག་པའི་རྨོངས་པ་བསལ་ཞིང་བློ་གྲོས་ཀྱི་རིག་པ་རྒྱས་པར་བྱེད་པའི་ཐབས་གཙོ་བོ་སྟོན་པའི་ཆ་ནས་རིག་ལམ་འབྱེད་པའི་རིག་པའི་གཞུང་ལུགས་ཤིག་གི་གོ་དོན་དུ་ངེས་པས་ན་བོད་རང་ཉིད་ཀྱི་ཚད་མའི་གཞུང་ལུགས་འཁྲུལ་མེད་ཅིག་ཏུ་འཁུམས་སོ།།
          དེ་བཞིན་ལྡེའུ་དང་ལྡེམ། ལྡེའུ་དང་ལྡེབས་བཅས་ཀྱི་གོ་དོན་གཅིག་ཡིན་པའི་དབང་དུ་བཏང་ནས་གཞིགས་ཚེ།  རྗེ་བླ་མ་དང་ཀུན་མཁྱེན་བླ་མའི་དགོངས་པ་ལྟར་ན་ལྡེམ་པོའམ་ལྡེའུ་ནི་དྲང་པོ་མ་ཡིན་པའི་འཁྱོག་བརྗོད་ལ་གོ་ཞིང་།    འདིའི་སྐབས་ཀྱི་དྲང་འཁྱོག་ནི་སྤྱིར་བཏང་དུ་བརྗོད་པའི་གཞུང་དྲང་འཁྱོག་ཙམ་ལ་མི་གོ་བར་དྲང་པོ་ནི་མངོན་པ་དང་གསལ་བའི་དོན་དང་། འཁྱོག་པོ་ནི་གབ་པ་དང་སྦས་པའི་དོན་དུ་འཇུག་པས་ན་ལྡེམ་པོའམ་ལྡེའུ་ནི་གསང་གབ་དཔོག་པ་སྟེ་ལྐོག་གྱུར་འཇལ་བའི་རྗེས་དཔག་གཏན་ཚིགས་ཀྱི་དོན་དུ་འཇུག་པ་ཤུགས་ནས་དཔོགས་ཐུབ་པ་དང་།  ལྡེའུ་དང་ལྡེབས་གཉིས་གཅིག་ཏུ་འདོད་པའི་རྒྱུ་མཚན་ཡང་ལྡེབས་ཞེས་པ་དེ་ད་ལྟའི་བོད་སྐད་དང་དག་ཡིག་གི་གོ་དོན་ལྟར་ན། གྱང་དང་བརྩིགས་པའི་ངོས་སམ་ལྷག་པར་ཏུ་ལྡེབས་རིས་ནི་གྱང་ངོས་སུ་བྲིས་པའི་རི་མོའི་དོན་དུ་འཇུག་ཅིང་།  གོ་དོན་དེ་བཞིན་དཔོག་ན་མིའི་རིགས་ཀྱི་ཆེས་གདོད་མའི་ཤེས་རིག་ནི་རི་མོའི་ལམ་ནས་གྱང་ངོས་དང་བྲག་ངོས།   བརྩིགས་ངོས་སོགས་སུ་བརྒྱུད་བསྒྲགས་བྱེད་པ་ནི་ཤེས་རིག་དར་སྔ་བའི་འཛམ་གླིང་ས་ཁུལ་ཐུན་མོང་གི་སྲོལ་ཞིག་ཏུ་མཐོང་བར་མ་ཟད། མིའི་རིགས་ཀྱི་བློ་གྲོས་མཚོན་པའི་ཡི་གེའང་ཆེས་ཐོག་མར་རི་མོའི་སྒོ་ནས་བྲིས་པ་ཡིན་པ་འཛམ་གླིང་རིག་སྨྲ་ཀུན་གཅིག་མཐུན་དུ་ཡོད་དེ། དབྱིན་ཇིའི་ལོ་རྒྱུས་རིག་སྨྲ་བ་ཝེར་སི་ཡིས་བརྩམས་པའི《འཛམ་གླིང་ལོ་རྒྱུས་རགས་བཤད》དུ“ཆེས་སྔ་མོར་ཡི་གེ་ནི་རི་མོའི་ཟིན་ཐོ་བཀོད་ཐབས་ཀྱི་སླ་འབྲི་ཞིག་ཡིན།  འདིའི་བསྟན་དོན་ནི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་ཡར་སྔོན་དུ་མིའི་རིགས་ཀྱིས་རྒྱུན་དུ་ཡི་གེ་འབྲི་བའི་སྲོལ་ཡོད་ཅིང་།  ཨེ་ཅིབ་མིས་བྲག་ངོར་བརྐོས་པའི་རི་མོ་ནི་ཡི་གེའི་འགོ་ཚུགས་པའང་ཡིན།”⒀ཞེས་གསུངས།   དཔེར་ན།   གནའ་རབས་ཨེ་ཅིབ་ཀྱི་གཏོར་གཟུགས་ཡི་གེ་དང་སུའོ་མེར་གྱི་ཕུར་དབྱིབས་ཡི་གེ  རྒྱ་གར་གྱི་ཚངས་པའི་ཡི་གེ   རྒྱ་ནག་གི་འདྲ་གཟུགས་ཡི་གེའི་རིགས་དང་།  དེ་མིན་རི་མོའི་རིགས་སོགས་གྱང་ལྡེབས་དང་བྲག་ལྡེབས་སོགས་སུ་བརྐོས་ཡོད་པ་ལྟར།  བོད་རང་ལ་མཚོན་ནའང་གཉའ་ཁྲི་བཙན་པོ་སོགས་མི་རྗེ་བྱུང་རིམ་མཚོན་པའི་ལོ་རྒྱུས་རི་མོའི་ལྡེབས་རིས་དང་།  བྲག་བརྐོས་སོགས་བཙན་པོའི་ལས་དོན་མཚོན་པའི་ཡི་གེའི་ལྡེབས་རིས་བགྲང་གིས་མི་ལང་པ་ཞིག་གིས་ཡར་ཀློང་ནས་ར་ས་དང་།  དེ་ནས་སྨད་མདོ་ཁམས་ཀྱི་བར་དུ་ཁྱབ་ཡོད་པས། བོད་མིའི་བློ་གྲོས་ཀྱི་མཚོན་དོན་འདིའི་སྤྱི་མིང་ལ་ལྡེབས་རིས་ཞེས་འབོད་ཕྱིར་སྐབས་རེར་ལྡེའུ་དང་དོན་གཅིག་ཏུ་སོང་བར་རིགས།  དོན་དངོས་སུ་ལྡེམ་པོ་དང་ལྡེབས་རིས་ནི་ལྡེའུའི་རིག་གཞུང་གི་བྱེ་བྲག་ཅིག་ཡིན་པ་ལས།  ལྡེའུ་ལ་དེ་ལས་གཞན་པའི་གོ་བ་ཟབ་ཅིང་སྤྱོད་རྒྱ་ཆེ་བ་ཞིག་ཡོད་པར་ཐེ་ཚོམ་ཅི་ལ་ཟ།《བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཚུལ་དང་བོད་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་བ་གཟི་མིག་དགུ་བ》ལས་ལྡེའུ་ལ“ངག་ལྡེའུ་དང་རྫས་ལྡེའུ། སྒྲུང་ལྡེའུ། ཡིག་ལྡེའུ། རི་མོའི་ལྡེའུ།  མོ་ལྡེའུ”⒁སོགས་སུ་དབྱེ་ཡོད་པ་དང་།  མཁས་དབང་ནམ་མཁའི་ནོར་བུས“ལྡེའུ་རྣམས་ནི་རྒྱལ་སྲིད་སྐྱོང་བའི་ཆ་རྐྱེན་དུ་དགོས་ངེས་པའི་ཤེས་ཡོན་ཅིག་ཏུ་ཆགས་ཡོད་པར་མ་ཟད་ལྐོག་གྱུར་གྱི་ལེགས་ཉེས་སྐོར་གསལ་བར་ངེས་བྱེད་ལྡེའུ་འཕྲུལ་མོའི་རིག་པ་དང་།  གསང་བ་ཟབ་མོའི་གནད་རང་ཐོག་ཏུ་ངོ་སྤྲོད་པའི་ཆ་རྐྱེན་བརྡ་ཐབས་ཀྱི་རིག་པ་སོགས་ལྡེ་དང་ལྡེའུར་གཏོགས་པའི་རིག་ལམ་རྒྱ་ཆེ་ལ་རྣམ་གྲངས་མང་བ་ཞིག་ཡོད་ངེས་པ་དེ་རིགས་ལ་ངོས་འཛིན་བྱེད་དགོས་པ་ཡིན”⒂ཞེས་དང་། ཡང་ན་《ཆོས་འབྱུང་མེ་ཏོག་སྙིང་བོར་》སློབ་དཔོན་པདྨ་འབྱུང་གནས་གཤེགས་དུས་བོད་ཀྱི་བློན་པོ་རྣམས་ལ་གདམས་པར“ཆོས་ལ་གནས་ཤིང་དད་པ་ཆེ་ལ་དཀོན་མཆོག་མཆོད་ན་ཆོས་བློན་ཡིན།།  གྲོས་མཁས་རིག་པ་ཆེ་ལ་ལེགས་ཉེས་ལྡེའུ་མཁས་པ་མཛངས་བློན་ཡིན།།  དཔའ་ལ་ཟུངས་ཐུབ་དགྲ་བོ་ཐབས་ཀྱིས་འདུལ་ན་དཔའ་བློན་ཡིན།། ཁོང་འདུག་ཉེ་གནག་འབྲིད་པའི་ཐབས་ལ་མཁས་ན་བློན་པོ་འཇིགས།། རྒྱལ་པོའི་རྒྱལ་སྲིད་ལེགས་ཉེས་ཤེས་ན་བློན་པོ་མཛངས།།   ལེགས་པར་རྟོགས་དཔྱོད་ཀྱིས་ལ་རྒྱལ་སྲིད་སྐྱོངས།། ”16ཞེས་པ་སོགས་ཀྱིས་ལྡེའུའི་གོ་དོན་བློ་རིག་གི་སྒོ་འབྱེད་པ་དང་གནས་ལུགས་ཕྱིན་ཅི་མ་ལོག་པར་བརྟག་དཔྱད་གཏོང་པའི་རིག་པའི་གཞུང་ལུགས་ཤིག་གི་དོན་དུ་ཡོད་པ་ནི་ང་ཚོའི་རྟོག་བཟོ་ཙམ་མ་ཡིན་པར་དངོས་སུ་མཚོན་ནོ།།
མདོར་ན་མཁས་དབང་ནམ་མཁའི་ནོར་བུས“ལྡེའུ་ཞེས་པ་ནི་ཞང་ཞུང་སྐད་དུ་རིག་པའམ་མཁྱེན་པའི་དོན”17ཞེས་གསུངས་ཡང་དོན་དུ་ཞང་བོད་གང་གི་སྐད་ཡིན་རུང་སྐབས་དེར་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་རིག་པའི་གཞུང་ལུགས་ཤིག་གི་སྤྱི་མིང་དུ་སོང་བས་ན།  གོང་དུ་བརྗོད་པ་བཞིན་རིག་པའི་སྒོ་མོ་འབྱེད་པའི་ཐབས་ཀྱི་རིག་པ་དང་།   ལེགས་ཉེས་བླང་དོར་ལ་ཤན་འབྱེད་པའི་མི་བསླུ་བའི་རིག་པ།   ཆོས་དང་དངོས་པོའི་གྲུབ་ལུགས་སམ་སྡོད་ལུགས་ལ་གོ་བ་ཕྱིན་ཅི་མ་ལོག་པར་ལེན་པའི་གཏན་ཚིགས་རིག་པ།  རྟོགས་དོན་ལྐོག་གྱུར་གྱི་གཞལ་བྱ་རྟགས་སམ་ཐབས་ཀྱི་སྒོ་ནས་དཔོག་པའི་རྗེས་དཔག་གི་རིག་པ་ཁྱད་པར་བ་ཞིག་གི་རིག་གཞུང་ལ་བརྗོད་བཞིན་ཡོད་ཕྱིར།   ད་ལྟའི་བོད་རང་ཉིད་ཀྱི་རིག་གནས་བཅུའི་རྣམ་གཞག་ལས་ཚད་མ་རིག་པའི་གཞུང་ལུགས་དང་བརྗོད་བྱའི་ནང་དོན་དང་།   རིག་ལམ་དབྱེ་སྟངས།   མིང་གི་འདོགས་སྟངས་སོགས་མི་འདྲ་བ་ཙམ་ལས་གཞུང་ལུགས་(གཞུང་ལུགས་དང་གཞུང་ལུགས་ཀྱི་ནང་དོན་གཉིས་ལ་ཁྱད་པར་ཡོད་པ་ནི། གཞུང་ལུགས་ལ་སྤྱི་ཁྱབ་ཀྱི་རང་བཞིན་ཆེ་བ་དང་།  གཞུང་ལུགས་ཀྱི་ནང་དོན་ལ་མི་རིགས་མི་འདྲ་བ་དང་ལྟ་བ་མི་འདྲ་བ།  གྲུབ་མཐའ་མི་འདྲ་བའི་ཁྱད་པར་ཡོད་ཕྱིར་བྱེ་བྲག་གི་རང་བཞིན་ལྡན)སུ་གྲུབ་པའི་དམིགས་ཡུལ་དང་ནུས་པ།  གོ་དོན་གྱི་འཇོག་སྟངས་སོགས་གཅིག་ལ་འབབ་པས་ནང་བསྟན་ཚད་མ་རིག་པ་བོད་དུ་མ་དར་གོང་གི་བོད་རང་མཚན་པའི་ཚད་མ་རིག་པའམ་གཏན་ཚིགས་རིགས་པའི་གཞུང་ལུགས་དངོས་དེ་ཡིན་པ་ལུང་རིགས་ཀྱིས་གྲུབ་པའོ།།
          གསུམ། ལྡེའུའི་སྤྱོད་སྒོའི་ཐད་ནས་དཔྱད་པ།
          སྤྱིར་སྲིད་པ་འདིའི་ཆོས་གང་ཞིག་ཡིན་རུང་སྤྱོད་སྒོ་ལ་བརྟེན་ནས་ཆོས་དེའི་རིན་ཐང་ལ་ཚད་འཇལ་བྱ་རྒྱུ་ནི་ཐུན་མོང་ལ་གྲགས་པའི་ཆོས་ཉིད་ཅིག་ཏུ་ཡོད་ཕྱིར།  དེ་བཞིན་རིག་པའི་གཞུང་ལུགས་ཀྱང་སྤྱོད་སྒོའམ་བེད་སྤྱོད་ཀྱི་རིན་ཐང་ལ་བརྟེན་ནས་གཞུང་ལུགས་དེའི་རིན་ཐང་ལ་གདེང་འཇོག་བྱེད་པ་ནི་ཆོས་ཉིད་ཅིག་ཡིན།  བོད་བཙན་པོའི་དུས་སྐབས་སུ་ལྡེའུའི་རིག་གཞུང་གི་སྤྱོད་སྒོ་ནི་ལྡེའུའི་རིན་ཐང་གི་འཇལ་ཤིང་བླ་ན་མེད་པ་ཞིག་ཡིན་ལ།   དེ་ཡང་ནང་དོན་གྱི་སྤྱོད་སྒོ་དང་ཐ་སྙད་ཀྱི་སྤྱོད་སྒོ་སྟེ་གཉིས་སུ་དབྱེ་སྟེ་རང་བློས་དཔོག་ཚོད་ཙམ་བརྗོད་པར་བྱ།
          1.ལྡེའུའི་ནང་དོན་ཀྱི་སྤྱོད་སྒོར་དཔྱད་པ།
          ལྡེའུའི་ནང་དོན་ཀྱི་སྤྱོད་སྒོ་ནི་ནང་བསྟན་རིག་གནས་ནང་འདྲེན་མ་བྱས་གོང་བོད་ཀྱི་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་གྲགས་པ་ལྟར། བོད་བཙན་པོའི་སྲིད་དོན་སྒྲུབ་པར་ལྡེའུའི་སྤྱོད་སྒོ་ནི་བོན་སྒྲུང་གཉིས་ལས་རྒྱ་ཆེ་ཞིང་བྱེད་ནུས་ཆེ་བ་ཞིག་ཡིན་པར་གོར་མ་ཆག་མོད། འདིར་རང་གིས་དཔོག་ཚོད་ལ་གཙོ་བོ་རིག་པའི་སྒོ་མོ་འབྱེད་པར་སློབ་གསོ་སྤེལ་བ་དང་། དམངས་ཀྱི་འཚོ་བ་ཇེ་ལེགས་དང་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བར་བཅོས་བསྒྱུར་དང་གསར་གཏོད་ཀྱི་ལས་དོན་སྣ་ཚོགས་སྒྲུབ་པ། བོད་ཁམས་གཅིག་གྱུར་གྱི་ལས་དོན་བདེ་བླག་ཏུ་འགྲུབ་པའི་དམག་དོན་གྱི་ཐབས་སྣ་ཚོགས་འཐེན་པ།  སྤྱི་ཚོགས་བདེ་ལ་སྦྱོར་བ་དང་གནད་དོན་ཆེ་ཕྲ་ཆུང་གསུམ་ཇི་རིགས་ཐག་གཅོད་པར་ཁྲིམས་ལུགས་མང་པོ་བཟོས་པ་བཅས་ཡིན་པས་ཕྱོགས་ཙམ་བརྗོད་ན།།
          བོད་གནའ་རབས་ཀྱི་སློབ་གསོའི་སྒྲུབ་ཐབས་ནི་རང་གི་མེས་པོ་གོང་མ་རྣམས་ཀྱི་ངག་ནས་བརྒྱུད་དེ་མ་ཉམས་རྒྱུན་འཛིན་སྒོས་སྤེལ་བ་ཞིག་སྟེ། གཙོ་བོ་མེས་པོའི་མཛད་རྗེས་དང་སྔོན་གྱི་བྱུང་རབས།    རང་གི་འབྱུང་ཁུངས་སོགས་མི་བརྗེད་པའི་ལོ་རྒྱུས་རང་བཞིན་གྱི་སྒྲུང་ངམ་སྔོན་རབས་འཆད་པ་དང་།  བྱིས་པའི་བློ་སྒོ་འབྱེད་པའི་རྩེད་མཚར་རང་བཞིན་གྱི་ཨ་ཆགས་ཆགས་དགུ་དང་ཨ་མཚར་མཚར་དགུ།  དགུ་འགྲིག་དང་རྒྱལ་པོ་སོགས་མིག་མངས་ཀྱི་རིགས་སྣ་ཚོགས་སོགས་ལྡེའུའི་སློབ་གསོ་སྤེལ་ཐབས་བཅས་རིགས་གཉིས་ཡོད་པ་ལས་ལྡེའུས་བོད་སྤྱི་ཚོགས་ལ་ཐོན་པའི་སློབ་གསོའི་ནུས་པ་མཐོང་ཐུབ།  དཔེར་ན།《བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཚུལ་དང་བོད་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་བ་གཟི་མིག་དགུ་བ》18ཡི་ནང་དུ“ཡུལ་དབུས་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་འབྲི་གུང་ཉི་མ་ལྕང་ར་ཤང་དུ་ད་ལྟ་ཡང་རྒན་རྒོན་རྣམས་ཀྱི་ངག་ཏུ་གནའ་སྲོལ་མ་ཉམས་པར་ལྡེབ་ཀྱི་ཡ་ཆེན་བཅོ་བརྒྱད་ཅི་ཡིན་ཟེར་བའི་ལན་དུ་གནམ་དང་།  ལྡེབ་ཀྱི་མ་ཆེན་བཅོ་བརྒྱད་ལ་ས།  ལྡེབ་ཕྲུག་དགོ་བ་སྐམ་པོ་ལ་སྐར་མ།  ལྡེབ་ཤ་ལིང་ངེ་ལིང་ངེ་ལ་སྤྲིན་ཞེས་ངག་ལྡེ་སྤྲོད་པའི་སྲོལ་གྱི་རིག་པ་ཡོད”ཅེས་པ་ལྟ་བུའི་དཔེ་བརྗོད་ཀྱིས་མི་ལང་པ་ཞིག་ཡོད།
          སྤྱི་ཚོགས་དཔལ་འབྱོར་ཐད་ཀྱི་སྤྱོད་སྒོ་ནི་རང་རེའི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་བཙན་པོ་རིམ་བྱོན་གྱི་སྐབས་སུ་སྤྱི་ཚོགས་ཀྱི་སྒྲིག་གཞིར་བཅོས་བསྒྱུར་དང་། ཐོན་སྐྱེད་ལག་རྩལ་གསར་གཏོད་བྱས་པའི་མཛངས་བློན་གྱི་བྱས་རྗེས་འཁོད་པ་དེ་དག་ལྡེའུའི་རིག་གཞུང་གི་ཁོངས་གཏོགས་ཡིན།  རྒྱུ་མཚན་དེ་དག་ནི་ཤེས་རབ་ཆེ་ཞིང་བློ་རིག་རྒོད་པའི་བློན་འབངས་དག་གི་བཀའ་དྲིན་དང་མཛད་རྗེས་ཡིན་པ་དང་། མཛངས་ཞེས་པའི་གོ་དོན་ཡང་བློ་གྲོས་ལྡན་ཞིང་སྤྱང་གྲུང་ལྡན་པའི་དོན་དུ་འཇུག་པས།  མཛངས་པའི་ལས་ཞེས་པ་ནི་ཐབས་ཤེས་གཉིས་ལྡན་གྱི་བློན་འབངས་དེས་སྒྲུབ་པའི་རླབས་ཆེན་གྱི་བྱས་རྗེས་ཡིན་པས་མཚོན་ཡོད་ཅིང་།  དེའི་སྐོར་ལ《ཆོས་འབྱུང་མཁས་པའི་དགའ་སྟོན》ལས“བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི།།   ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན།།   མཛངས་པའི་ལས་སུ་ཤིང་བསྲེག་སོལ་བ་བྱུང་།།  དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་།། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།།   ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།།  རྨོན་པ་དོར་སྡེབས་སྤང་ཐང་ཞིང་དུ་རྨོས།།  བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས།། རྨོས་པའི་ལོ་ཏོག་ཐོག་མ་འདི་ནས་བྱུང་།།”19ཞེས་གསུངས་པ་ལྟར་ཆོས་འབྱུང་ལོ་རྒྱུས་ཀུན་ལ་གྲགས་པའི་མཛངས་བློན་བདུན་དུ་བགྲང་ནས་རི་ཁྱིམ་གྲོང་ལ་ཕབ་པའི་སྤྱི་ཚོགས་བཅོས་སྒྱུར་ལས་འགུལ་དང་།  གཤོལ་དང་ཟམ་པ།   སྲང་དང་ཡི་གེ་སོགས་གསར་གཏོད་བྱས་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་སྐབས་དེར་ལྡེའུའི་རིག་གཞུང་དུ་བསྡུས་པར་གདོན་མི་ཟའོ།།
          དམག་དོན་གྱི་ཐད་ནས་བོད་ཁམས་གཅིག་གྱུར་གྱི་ལས་དོན་སྒྲུབ་ཕྱིར་སུམ་པ་དང་འ་ཞ།  ཞང་ཞུང་སོགས་མཐའ་ཁུལ་གྱི་རྒྱལ་ཕྲན་དབང་དུ་བསྡུ་སྐབས་ཐབས་བཀོད་སྣ་ཚོགས་འཐེན་པ་དང་།  མཐའ་བཞིའི་རྒྱལ་ཁབ་དང་མི་རིགས་དག་ལ་ཕྱི་འབྲེལ་འཛུགས་སྐབས་བློ་རིག་འདྲ་མིན་སྣ་ཚོགས་འཐེན་པ།  དམག་གི་སྒྲིག་གཞི་ཚགས་དམ་ཞིང་འཐུས་སྒོ་ཚང་བའི་བྱེད་ཐབས་འདི་དག་ཀྱང་སྐབས་དེར་ལྡེའུའི་རིག་གཞུང་དུ་འདུ་བར་སེམས་ཏེ།  དེབ་ཐེར་གཡུ་ཕྲེང་ལས“ད་ཕན་ཆད།  ཟིང་བོ་རྗེ་རྒྱབ་ཏུ་མི་འདོར་རི།20སྤུ་རྒྱལ་སྤང་དུ་མི་ལེན་རི།  བཙན་པོ་སྤུ་རྒྱལ་ལ་བློ་ལོག་བྱེད་རི།  ཞབས་འདྲེན་ཞུ་རི།  གསང་རྒྱ་ཐུབ་པ་མི་བྱེད་རི།  ཕྱི་མ་ནང་བྱེད་རི།  ཐེ་ཚོམ་བྱེད་རི། བརྟུལ་ཕོད་པར་མི་བྱེད་རི།  སྲོག་བློས་གཏོང་མི་བྱེད་རི། བཙན་པོ་སློན་བརྩན་གྱིས་བཀའ་ཅི་གནང་བ་བཞིན་མི་ཉན་རི།  གཞན་སུས་བསླུས་ཀྱང་ཉན་རི་ཞེས་གནའ་ཚིག་ཕུལ་ལོ།།”21ཞེས་བཙན་པོ་དང་བློན་པོའི་བར་དུ་གནའ་འཇོག་པ་ནི་བློ་བརྟན་འགྱུར་མེད་ཀྱིས་དམག་ཐབས་སྒྲུབ་པའི་རིག་པ་ཞིག་ཡིན་པ་དང་།  ཡང་ན་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆར》“སེང་གོ་མི་ཆེན་གྱིས།། དགས་ཡུལ་བསེན་མཁར་དུ།། མདུང་གཡུག་ཐེངས་གཅིག་ལ།། འབྲོག་དུད་ཐང་གང་ཐོབ།། ཅེས་པའི་གཏམ་བྱུང་། སེང་གོ་མི་ཆེན་དཔའ་བའི་ཕུལ་དུ་གྱུར་ནས། ཉི་མ་གཅིག་ལ་དྭགས་པོ་མི་བརྒྱ་བསད་ཅེས་གྲགས་སོ།།” 22ཞེས་པ་ལས་ཀྱང་སྐབས་དེར་ཆད་གཅོད་བྱ་དགའི་ལུགས་ཀྱི་དམག་དོན་ཞིག་ཡོད་པ་མཚོན་ཞིང་།   དེ་བཞིན་དཔལ་དོན་གྲུབ་རྒྱལ་གྱིས“རུ་སྡེ་ཆེན་པོ་དྲུག་དང་སྟོང་སྡེ་དྲུག་ཅུ་རེ་གཅིག  ཡུལ་གྱི་དབང་རིས་བཅོ་བརྒྱད། རྩེ་དང་སླུངས་ཚང་ལ་སོགས་པའི་དམག་གི་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཕྱི་ཕྱོགས་སུ་མངའ་རིས་རྒྱ་བསྐྱེད་པའི་མགོ་བརྩམས”23ཞེས་གསུངས་པ་སོགས་ལས་བོད་བཙན་པོའི་སྐབས་སུ་དམག་དོན་ལམ་ལུགས་འཐུས་ཚང་ཞིག་ཚུགས་ཡོད་པ་མཐོང་ཐུབ་མོད།  འོན་ཀྱང་དམག་དོན་རིག་པའི་གཞུང་ལུགས་ཞེས་ལོགས་སུ་དབྱེ་བའི་སྲོལ་སྐབས་དེར་སྟོན་དུ་མེད་པས་ན་དེ་ཡང་གཙོ་བོ་བློ་ཐབས་ཀྱི་ཆ་ལ་འདྲེས་ཕྱིར་ལྡེའུའི་རིག་གཞུང་གི་གྲས་ཤིག་ཏུ་ཉིང་བསྡུ་བྱས་པར་གོར་མ་ཆག་གོ།
          ཁྲིམས་ལུགས་ཐད་ཀྱི་སྤྱོད་སྒོ་ནི་གོང་མ་གསུམ་ལས་ཀྱང་མི་དམན་པ་ཞིག་ཡོད།  རྒྱུ་མཚན་ཁྲིམས་ལུགས་རང་ངོས་ནས་བཤད་ན་ནག་ཉེས་ལ་ཆད་གཅོད་དང་དཀར་ནག་བདེན་རྫུན་གྱི་དབྱེ་བ་ཕྱེ་སྟེ། བཙན་པོའི་རྒྱལ་རབས་ཀྱི་ཁེ་ཕན་དང་འབངས་མིའི་ཐོབ་ཐང་སྲུང་བའི་དཔང་རྟགས་ཤིག་ཡིན་ཕྱིར་རིག་པ་བློས་བརྟག་དཔྱོད་ལ་བརྟེན་ནས་བཟོས་ཤིང་། རིག་པ་བློས་འདྲི་གཅོད་སོགས་ཀྱི་ཐབས་ལ་བརྟེན་ནས་ལེགས་ཉེས་ཤན་འབྱེད་དང་ལྕི་ཡང་གི་ཉེས་ཁྲིམས་གཅོད་དགོས་ཕྱིར། གཏན་ཚིགས་ཚད་མའི་རིག་པ་མེད་དུ་མི་རུང་བའི་རྐྱེན་གྱིས་དེང་གི་དུས་འདིར་ཁྲིམས་ལུགས་སྦྱང་མཁན་དང་ཁྲིམས་ལུགས་གཉེར་མཁན་ཞིག་ཡིན་ཕྱིན་གཏན་ཚིགས་རིག་པའི་གཞུང་ལུགས་སྦྱང་གཞི་གཙོ་བོ་ཞིག་ཏུ་བཟུང་ཡོད།   དེ་བཞིན་བོད་བཙན་པོའི་དུས་སྐབས་སུ་ཁྲིམས་ལུགས་ནི་རིག་པ་བློའི་ཤན་འབྱེད་ལ་བརྟེན་ཕྱིར་ལྡེའུའི་རིག་གཞུང་དུ་གཏོགས་ཏེ།《ལྡེའུ་ཆོས་འབྱུང》ལས“དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས།  དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས་བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས།  གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས།  སྒྲུང་དང་ལྡེའུ་ཙམ་ནི་བྱུང་།”24ཞེས་པ་ཡིས་མཚོན་ནོ།། སྐབས་དེའི་ཁྲིམས་ལུགས་དེར་རྣམ་པའི་སྒོ་ནས་དབྱེ་ན་གཏམ་གྱི་གནས་ལུགས་འདྲེན་པ་ལ་བརྟེན་ནས་གཟི་བྱེད་པ་ཞེས་ངག་ཐོག་ནས་ཐག་གཅོད་བྱེད་པའི་སྲོལ་ད་ལྟའི་བར་བོད་དམངས་ཁྲོད་དུ་མ་ཉམས་པར་གནས་པ་དེ་དང་།  ཏུན་ཧོང་ཡིག་རྙིང་སོགས་ལས་མཐོང་བའི་“རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག”དང་།  “ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག”“རྒྱ་ཤ་ཅུ་པའི་བུ་མོ་འཕྲོགས་མི་ཆོག་པའི་སྐོར་གྱི་མཆིད་གསོལ་བའི་བཀའ་ཡིག”25སོགས་རྒྱལ་པོའི་བཀས་བཅད་དེ་ཡིག་ཐོག་ཏུ་དངོས་སུ་བཀོད་པའི་ཁྲིམས་ཡིག་བཅས་རིགས་གཉིས་སུ་འདུ་བར་སེམས།  དེ་ན་སྔ་མ་ནི་བོད་རང་ཉིད་ཀྱིས་ཆེས་གདོད་མ་ནས་མ་ཉམས་རྒྱུན་འཛིན་སྒོས་བརྒྱུད་ནས་བྱུང་བའི་ཁྲིམས་སྲོལ་ཡིན་པས།   གྱོད་ཡ་གཉིས་དང་གཟི་བ་གསུམ་བཅས་སོ་སོས་གནའ་ནས་བཟུང་བརྒྱུད་འོང་བའི་གཏམ་གྱི་གནས་ལུགས་མང་པོ་ཞིག་སྒྲུབ་བྱེད་ཀྱི་རྒྱབ་རྩར་འཛིན་པ་དེ་ནི་ལྡེའུས་སྲིད་སྐྱོང་ཐབས་ཀྱི་བྱེ་བྲག་ཅིག་ཡིན་པ་སྨོས་མ་དགོས་ལ།  ཕྱི་མ་ནི་བོད་དུ་ཡི་གེའི་སྤྱོད་སྒོ་ཇེ་ཆེར་འཕེལ་བ་དང་བསྟུན་ནས་ངག་ཐོག་ནས་ཡིག་ཐོག་ཏུ་བཟོས་པ་ཙམ་ལས་དོན་དངོས་སུ་དེ་གཉིས་གཅིག་ཏུ་སོང་བར་གོར་མ་ཆག
          མདོར་ན་བོད་བཙན་པོའི་དུས་སྐབས་སུ་ད་ལྟའི་རིག་ཚན་གྱི་དབྱེ་སྟངས་ལྟ་བུའི་ཤིན་ཏུ་མང་པོ་ཞིག་ཡོད་མི་སྲིད་པས་གཙོ་བོ་བོན་སྒྲུང་ལྡེའུ་གསུམ་དུ་བསྡུ་བ་ནི།  བོད་རང་ཉིད་ཀྱི་ལོ་རྒྱུས་ཡོངས་གྲགས་ཀྱི་འདོད་ལུགས་ཤིག་ཡིན་པ་ལས་མི་ག་གེ་མོ་ཞིག་གི་རྟོག་བཟོ་ཙམ་མིན་པ་འུ་ཅག་བོད་ཀྱི་ལོ་རྒྱུས་ལ་ངེས་ཆ་ཡོད་མཁན་ཞིག་ཡིན་ཕྱིན་ཚང་མའི་རྟོགས་གཟོད་ཏུ་གནས། དེ་ན་བོན་ནི་ཆོས་ལུགས་ཀྱི་རིག་གཞུང་དང་སྒྲུང་ནི་མེས་པོའི་ལོ་རྒྱུས་ཀྱི་རིག་གཞུང་། ལྡེའུ་ནི་བློ་རིག་པའི་རིག་གཞུང་ཞིག་ཡིན་པ་གོང་དུ་བརྗོད་ཟིན་པས།   སློབ་གསོ་དང་དཔལ་འབྱོར།  དམག་ཐབས། ཁྲིམས་ལུགས་སོགས་ནི་བརྗོད་དོན་གང་གི་ཆ་ལ་དཔོགས་ནའང་བོན་སྒྲུང་གཉིས་ཀྱི་ཁོངས་སུ་བསྡུ་ཐབས་མེད་ཕྱིར་ལྡེའུའི་ཆ་ཤས་སུ་གཏོགས་ལ།   ལྡེའུའི་རིག་པས་དེ་དག་གི་སྤྱོད་སྒོ་ལ་ནུས་པ་ངེས་ཅན་ཞིག་ཐོན་ཡོད་ཅེས་བརྗོད་ཆོག་ཆོག་ཡིན་པར་སེམས།
          2.ལྡེའུའི་ཐ་སྙད་ཀྱི་སྤྱོད་སྒོར་དཔྱད་པ།
          ཐ་སྙད་ཀྱི་སྤྱོད་སྒོ་ཞེས་པ་ནི་མིའི་རིགས་ཀྱིས་ངོས་འཛིན་རྒྱུའི་ཡུལ་ཞིག་དམིགས་སུ་བཟུང་ནས་ངོས་འཛིན་བྱེད་ཀྱི་མིང་རེ་བཏགས་པ་དེའི་གདགས་བྱའི་ཡུལ་གྱི་བྱེད་ནུས་ཆེ་བ་དང་།   མིའི་བློ་རིག་གིས་དེར་རྒྱུས་ལོན་བྱས་པའི་ཚད་ཇེ་ཟབ་དང་བསྟུན་ནས་ཐ་སྙད་དེའི་བཀོལ་རྒྱའང་ཇེ་ཆེར་སོང་བ་ཞིག་ལ་བརྗོད་པ་ཡིན།  དཔེར་ན།  ཉི་མ་ལྟ་བུར་མཚོན་ན་ཐོག་མར་བར་སྣང་དུ་མིག་ཤེས་ཀྱི་གཟུང་བྱར་གྱུར་པའི་དངོས་པོ།   མི་རྣམས་ལ་འོད་དང་དྲོད་ཀྱི་བདེ་ཚོར་སྟེར་ཐུབ་པ་དེར་གནས་ལུགས་དང་རྒྱུ་མཚན་ཅི་ཡང་འདྲེན་དུ་མེད་པར་ངོས་འཛིན་བྱེད་ཀྱི་བཏགས་མིང་འདོད་རྒྱལ་ཙམ་ཡིན་མོད།  གདགས་བྱའི་ཡུལ་དེའི་བྱེད་ནུས་ཆེ་བ་དང་།  མི་རྣམས་ཀྱིས་དེའི་མཁོ་དགོས་དང་བཀའ་དྲིན་ལ་རྒྱུས་ལོན་ཟབ་པ་དང་བསྟུན་ནས་ཐ་སྙད་དེའི་སྤྱོད་སྒོ་ཇེ་ཆེར་འཕེལ་དེ།  སྨོན་པ་དང་དཔེ་མཐུན།   ཆོས་མཐུན་སོགས་ཀྱི་སྒོ་ནས་རྗེས་གྲུབ་ཀྱི་མིང་སྣ་ཚོགས་ཤིག་བྱུང་བ་དང་།    དཔེར་བཀོད་ཚིག་འདྲེན་བྱེད་པའི་བེད་སྤྱོད་རིན་ཐང་ཤིན་ཏུ་མང་པོ་ལྡན་པ་ལས།   བདགས་བྱའི་ཡུལ་དེའི་བྱེད་ནུས་ཆུང་བའི་ཐ་སྙད་སྤྱིར་བཏང་བ་སྐར་མ་དང་ཅ་ནེ་ལྟ་བུའི་བེད་སྤྱོད་ཀྱི་ཁྱབ་རྒྱའང་དེ་བཞིན་དུ་ཆུང་ངུར་སོང་བ་ནི་ང་ཚོའི་མངོན་སུམ་གྱི་མྱོང་བྱར་གྲུབ་ཡོད།
          ལྡེའུ་ཞེས་པའི་ཐ་སྙད་འདིའང་དང་ཐོག་ལྡེའུ་མིག་ལ་བཀོལ་བ་ནས་དེ་དང་ནུས་པ་མཐུན་པའི་རིག་གཞུང་གི་མིང་དུ་བཀོལ་བ་དང་།  རིག་གཞུང་དེའི་བྱེད་ནུས་ཆེ་ཆེར་སོང་བ་དང་བསྟུན་ནས་སྤྱོད་སྒོ་མང་དུ་ཕྱིན་པ་ཞིག་ཡིན་ཞིང་།  དེའི་མཚོན་ཚུལ་གཙོ་བོ་ཞིག་ནི་བོད་རང་གི་ལོ་རྒྱུས་ཡིག་ཚང་དག་ཏུ་བཙན་པོ་རིམ་བྱོན་གྱི་མཚན་ལ་ལྡེ་ཞེས་བརྗོད་པ་འདི་ཡིན། མིའི་རིགས་ཀྱི་ལོ་རྒྱུས་གང་ལ་དཔོག་རུང་རང་རང་གི་དབང་བསྒྱུར་པའི་རྒྱལ་པོ་དེར་འབོད་པའི་མིང་ནི་ཐ་སྙད་གཞན་གྱིས་མཚོན་ཐབས་བྲལ་བའི་ཞེ་ས་དང་གོང་བཀུར་གྱི་མིང་དག་དག་ཡིན་པ་ནི་ཕལ་ཆེར་གཅིག་མཐུན་དུ་ཡོད་དེ། དཔེར་ན་རྒྱ་ནག་གོང་མ་ལྟ་བུར་མཚོན་ན་གོང་མའི་མཚན་ལ་བཀོལ་བའི་མིང་ཚིག་དག་གཞན་གྱིས་གཏན་ནས་སྤྱོད་མི་ཆོག   གལ་ཏེ་བེད་སྤྱད་པ་མཐོང་ཚེ་ཁྲིམས་ཆད་དང་མཐའ་ན་སྲོག་ཆད་གཅོད་པའི་སྲོལ་ཡོད་པ་བཞིན་བོད་རང་ཉིད་ཀྱང་ཆེ་ཕྱོགས་ནས་དེ་ལས་མ་འདས།   དེ་ཡང་སྟོང་ཁུང་གཏེར་ཡིག་ཏུ “སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་བོ་ཐོད་རྒྱལ་བྱུང་ཏེ།  ལ་ལ་འྀ་མཆྀད་ནས་རྒྱལ་ཕྲན།  བཅུ་གཉྀས་ལ་གཏོགས་ཤེས་ཀྱང་མཆྀ། མྱྀ་གཏོག་ཤེས་ཀྱང་མཆྀ། བཙན་པོའྀ་གདུང་རབས་ཀྱྀ་ཁུངས་སྨོས་པའ།  གནམ་གདུང་གྀ་སྟེང་ན། ལྷ་ཀུ་སྤྱ་སེར་བ་བཞྀས་བརྒྱ་བའ། མ་སངས་ཐམ་ཅད་གྀ་བདག་པོ།   སྲྀད་པ་ཀུན་ལ་མངའ་མཛད་པའ། ཕྱྭའྀ་ཡང་ཕྱྭ་ལགས་ཤེས་ཀྱང་མཆྀ།  རྣམ་པ་གཉྀས་སུ་ནྀ་གདོལ་བ་ཤ་ཟ་འྀ་རིགས། རྒྱལ་པོ་གདོང་དམར་གྱྀ་རྀགས།  གངས་རྀ་བྱུན་གོར་གྱྀ་ནྀ་བདག་པོ།  གནོད་སྦྱན་ཛ་ཞེས་བགྱྀ་བ་འྀ་རྀགས་ལགས་ཤེས་ཀྱང་མཆྀ། རྣམ་པ་གསུམ་དུ་ནྀ་གནམ་རྀམ་པ་བཅུ་གསུམ་གྱྀ་སྟེང་ན།  ཁྲི་བར་བདུན་ཚྀག།  ཤེས་བགྱྀ།  གནམ་གྱྀ་ལྷ་ལས།  ས་དོག་དྲུག་དུ། འགྲེང་འགོ་ནག་གི་རྗེ་མྱེད་གི་རྗེ། ཡུལ་བོད་ཁ་གཡག་དྲུག་ཏུ་བྱོན་ཞེས་མཆྀ། གང་ལགས་ཀྱང་མྱྀ་མངོན་སྟེ། གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ”26ཞེས་དང་ཡང་ན་དབོན་ཞང་མོལ་བའི་རྡོ་རིང་ཡི་གེ་ཤར་ངོས་སུ“འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ།    ཡུལ་བྱུང་ས་དོད་ཚུན་ཅད།  གདུང་མ་འགྱུར་བར།  བོད་ཀྱི་རྒྱལ་པོ་ཆེན་པོ་འཛད་པ་ཡང་།”27ཞེས་པ་སོགས་ལས་བོད་རང་ཉིད་ཀྱིས་དབང་བསྒྱུར་གྱི་རྒྱལ་པོར་འབོད་པའི་མིང་ཚིག་ནི་བཙན་པོ་དང་ལྡེ། ལྷ། ཁྲི། མངའ་བདག རྗེ་སོགས་ཡིན་པ་གསལ་པོར་མཐོང་ཞིང་། དེ་དག་ཀྱང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དུས་སྐབས་མི་འདྲ་བའི་ནང་དུ་བཀོལ་ཁྱབ་ཆེ་ཆུང་མི་འདྲ་མོད།  དོན་གྱི་ཆ་ནས་ཚང་མ་དབང་བསྒྱུར་པའི་བརྗིད་ཉམས་དང་གུས་བཀུར་མཚོན་པའི་ཞེ་ཚིག་ཁོ་ན་ཡིན་པས་གཤམ་དུ་རགས་ཙམ་བརྗོད་པའི་སྒོ་ནས་ལྡེའུའི་ཐ་སྙད་ཀྱི་སྤྱོད་སྒོ་ལ་དཔོག་པར་བྱ།
          བོད་ཀྱི་ལོ་རྒྱུས་ཡིག་ཚང་ཡོངས་གྲགས་ལྟར་ན་སྤུར་རྒྱལ་བཙན་པོའི་གདུང་རབས་ཀྱི་བྱུང་རིམ་ནི་གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེང་གཉིས། སའི་ལེགས་དྲུག ཆུའི་ལྡེ་བརྒྱད། འོག་གི་བཙན་ལྔ། ཆོས་རྒྱལ་མེས་དབོན་རྣམས་སུ་དབྱེ་བ་དང་།  དེ་ནི་དུས་སྐབས་སོ་སོའི་རྒྱལ་པོའི་སྲིད་སྐྱོང་བརྗིད་ཉམས་དང་ཆབ་སྲིད་སྟོབས་ཤུགས་མཚོན་པའི་ཞེ་ས་དང་གུས་བརྗོད་ཀྱི་མིང་ཞིག་ཡིན་པ་ལས། རྒྱའི་རྒྱལ་རབས་ཀྱི་ཞ་དང་ཧྲང་།  ཀྲུའོ།  ཆིན།  ཐང་སོགས་ལྟར་དབང་བསྒྱུར་བའི་རུས་རྒྱུད་ཀྱི་ཐོག་ནས་དབྱེ་བ་ཞིག་མིན་པ་ནི་གཉའ་ཁྲི་ནས་འུ་དུམ་བར་གྱི་རྒྱལ་པོ་ཡོངས་ལ་སྐབས་རེར་ཁྲི་དང་བཙན།    ལྡེ་སོགས་ཁྱབ་མཉམ་དུ་བཀོལ་བས་དཔོག་ཐུབ་མོད་ཅུང་ཁ་གསལ་གྱི་ཚུལ་དུ་བཀོད་ན།   རྒྱའི་རྒྱལ་རབས་དེ་དག་ནི་རུས་རྒྱུད་འཕྲོག་རྩོད་ཀྱི་ཁྲོད་ནས་ཐོབ་པ་ཞིག་ཡིན་ཕྱིར་རུས་རྒྱུད་དང་ཁྱིམ་རྒྱུད་ལ་ཧ་ཅང་མཐོང་ཆེན་བྱེད་པ་ནི་མིའི་མིང་གི་འདོགས་སྟངས་ལས་གསལ་པོར་མངོན་པ་དང་།   བོད་རང་ལ་མཚོན་ན་རྗེ་གཉའ་ཁྲི་བཙན་པོ་སྤུར་རྒྱལ་བཙན་པོའི་རྒྱལ་པོར་བསྐོས་ཚུལ་དེ་རུས་རྒྱུད་འཕྲོག་རྩོད་ཀྱི་འཐབ་འཁྲུག་ཁྲོད་ནས་བླངས་པའི་ལོ་རྒྱུས་ཤིག་བརྗོད་དུ་མེད་པར་མ་ཟད།  རྗེ་གཉའ་ཁྲི་ཁོང་ཡང་བོད་ཀ་གཡའ་དྲུག་གམ་སྤུར་རྒྱལ་རང་ཁོངས་ཀྱི་མི་དངོས་མིན་པར་རྒྱལ་ཕྲན་གཞན་ནས་གདན་དྲངས་པ་ཞིག་ཡིན་ཕྱིར་རུས་རྒྱུད་དང་ཁྱིམ་རྒྱུད་ལ་དེ་འདྲའི་མཐོང་ཆེན་མ་བྱས་ཤིང་།  བཙན་པོའི་དུས་སྐབས་ནས་བཟུང་བོད་མིའི་མིང་གི་འདོགས་སྟངས་ཐད་ནས་ཀྱང་རུས་གཙོ་བོར་འཛིན་པའི་སྲོལ་དར་ཁྱབ་དུ་མེད་པ་མཐོང་ཐུབ་སྟེ།   མཁས་དབང་ནམ་མཁའི་ནོར་བུས“ཁྲི་ནི་ཞང་ཞུང་སྐད་དེ་བོད་སྐད་ལ་ལྷའི་ཐུགས་སྲས་ཞེས་པའི་དོན་དང་། མུ་ནི་ཀུན་ཁྱབ་ཅེས་པའི་དོན། དེ་བཞིན་དྀང་ནི་ཀློང་གི་དོན། དར་ནི་ལེགས་པའི་དོན......ཨ་ཤོ་ཞེས་པ་ནི་ངག་དང་།  དེ་ཤོ་ཞེས་ནི་བདེ་བ།  ཐི་ཤོ་ཞེས་པ་ནི་གསལ་བ།  གུ་རུམ་མམ་གུ་རུ་ཞེས་པ་ནི་ཡོན་ཏན།   འབྲང་ཞིའམ་བྲི་ཞལ་ཞེས་པ་ནི་འཇའ་ཚོན།  ཨི་ཤོའམ་ཨུན་ཞི་ཞེས་པ་ནི་སྙན་གྲགས་ཀྱི་དོན་ཡིན།”28 ཞེས་གསུངས་པ་ལས་བཙན་པོའི་མཚན་མིང་དེ་དག་གུས་བརྗོད་དམ་ཞེ་ཚིག་གི་མིང་འདོགས་སྟངས་ཤིག་ལས་རུས་ཁུངས་ལ་བརྟེན་ནས་བཏགས་པ་ཞིག་མིན་པ་ཤེས་ཐུབ།
          གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་བདུན་གྱི་བར་གནམ་གྱི་ཁྲི་བདུན་ཞེས་མཚན་ལ་ཁྲི་གཙོ་བོར་འདོགས་པའི་བརྗོད་དོན་ནི།  བོད་རང་གི་ལོ་རྒྱུས་ཕལ་མོ་ཆེ་ལྟར་ན་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནི་གཉའ་བར་ཁྲི་བྱས་ཏེ་རྒྱལ་པོར་བསྐོས་པས་ན་དེ་ལྟར་བརྗོད་པ་ཡིན་ཞེས་པ་བཞིན།    ཁྲི་ནི་མཐོན་པོའི་དོན་ཡིན་ཕྱིར་མིའི་རིགས་ཀྱིས་ཆེས་ཐོག་མར་གུས་བཀུར་དང་གོང་བཀུར་བྱེད་པའི་མཚོན་རྟགས་སུ་འདུག་སྟེགས་མཐོན་པོ་བརྩེགས་པའི་སྲོལ་ལུགས་ཤར་ནུབ་ཚང་མ་གཅིག་མཐུན་དུ་ཡོད་པས།   བོད་ཀ་གཡག་དྲུག་ཏུ་མི་རྗེ་ཐོག་མ་རྒྱལ་པོར་བསྐོས་པའི་མཚོན་རྟགས་སུ་ཁྲི་སྟེང་ལ་བཞག་པས་མཚན་ཡང་དེ་ལྟར་ཏུ་བཏགས་པ་དང་རྗེས་སུ་དེའི་རྒྱུད་འཛིན་པའི་མཚན་དུའང་མུ་ཁྲི་དང་དིང་ཁྲི། སོ་ཁྲི་སོགས་ཁྲི་ཞེས་བཀོལ་བ་ཡིན། འདི་ལྟ་བུའི་གོམས་སྲོལ་བོད་རང་གིས་ད་ལྟའི་བར་མ་ཉམས་རྒྱུད་འཛིན་བྱས་ཡོད་དེ།  གདན་རབས་དང་དགའ་ལྡན་ཁྲི་རབས་རིམ་བྱོན་གྱི་མཚན་གྱི་ཐོག་ཏུ་གདན་དང་ཁྲི་ཞེས་བརྗོད་པས་མཚོན།  དེ་བཞིན་སའི་ལེགས་དྲུག་ཅེས་པའི་ལེགས་ནི་ཡག་པ་དང་བཟང་པོའི་དོན་ཡིན་ཕྱིར་བཙན་པོས་ཆབ་སྲིད་བསྐྱངས་པ་ལེགས་ཤིང་སྤྱི་ཚོགས་ཀྱི་སྒྲིག་གཞི་བཟང་བས་བཙན་པོའི་མཚན་ལའང་ཨེ་ཤོ་ལེགས།  དེ་ཤོ་ལེགས།  ཐི་ཤོ་ལེགས་སོགས་ལེགས་ཞེས་སྦྱོར་བ་དང་།  བཙན་པོར་སྲིད་སྐྱོང་གི་བློ་རིག་ལྡན་པས་སྤུར་རྒྱལ་བཙན་པོའི་སྲིད་འབྱོར་རིག་གསུམ་གོང་འཕེལ་བྱུང་བ་དང་། ལྷག་པར་དུ་ལྡེའུའི་རིག་གཞུང་གིས་བོད་སྤྱི་ཚོགས་ལ་ནུས་པ་ཆེན་པོ་ཐོན་པས་ལྡེའུ་ཞེས་པའི་ཐ་སྙད་ལ་གདེང་འཇོག་མཐོན་པོ་བྱུང་བ་དང་ཆབས་ཅིག བཙན་པོའི་མཚན་ལའང་ལྡེ་རྣོལ་ནམ།  ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་སོགས་ལྡེ་ཞེས་སྦྱོར་ཞིང་གོ་དོན་ནི་བློ་རིག་རྒོད་ཅིང་ཐབས་ལ་མཁས་པའི་དོན་དུ་མཐོང་སྟེ།  དཔེར་ན།  ནང་བསྟན་ཚད་གཞུང་གི་རྐང་བོད་དུ་ཚུགས་རྗེས་ཚད་མ་ཞེས་པའི་ཐ་སྙད་དེའི་སྤྱོད་སྒོ་ཇེ་ཆེར་སོང་ནས་རྗེས་འཇུག་གི་མཁས་ཆེན་དང་སྐྱེས་ཆེན་དམ་པ་རྣམས་ལ་ཚད་མའི་སྐྱེས་བུ་ཞེས་བརྗོད་པ་དང་རིགས་མཐུན།   སྤུར་རྒྱལ་བོད་ཀྱི་སྟོབས་ཤུགས་སྔར་ལས་ཀྱང་འཕེལ་ཏེ་མཐའ་ཁུལ་རྒྱལ་ཕྲན་འ་ཞ་དང་སུམ་པ་སོགས་རེ་རེ་བཞིན་ཆབ་འོག་ཏུ་བཅུག་པའི་བོད་བཙན་པོའི་གཅིག་གྱུར་གྱི་ལས་འགོ་ཚུགས་པ་དང་བསྟུན།  རྒྱལ་པོའི་མཚན་ལའང་ཁྲི་སྒྲ་དཔུང་བཙན་དང་། ཁྲི་ཐོག་རྗེ་བཙན།  གནམ་རི་སྲོང་བཙན།  སྲོང་བཙན་སྒམ་པོ།  ཁྲི་སྲོང་ལྡེ་བཙན།   འུ་དུམ་བཙན་པོ་སོགས་བཙན་ཞེས་འཇིགས་ཤུགས་དང་སྟོབས་ཤུགས་མཚོན་པའི་མིང་ཚིག་འདི་རྒྱ་ཁྱབ་ཏུ་བཀོལ་བ་ཞིག་ཡིན་པ་སྟེ།   ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེ་སུ“སྲྀད་འདྀ་ལྟར་མཐོ།  དབུ་རྨོག་བརྩནད།    ཡོང་ལྷ་སྲས་གནམ་དང་འདྲ་བའྀ་ཆབ་འོག་ན།   གནམ་ཀོལ་དུ་གནང་བའང་ཅྀས་བས་ཞིག་མཆིས་ན།   བདག་ཅག་ལྟ་ཞིག”29ཅེས་དང་། དེབ་ཐེར་གཡུ་ཕྲེང་དུ“བཙན་པོ་ཁྲི་སློན་བཙན་གྱིས་བཀའ་ཕབ་སྟེ།  སྔར་ཡུལ་ངེས་པོ་ཟེར་བར། འཕེན་ཡུལ་ཞེས་མིང་བརྗེས་སོ། མྱང་དབས་སོགས་ཀྱིས་བསྟོད་གླུ་འཕུལ་ཞིང་།     ཡུལ་ངེས་པོའི་འབངས་དབྱི་ཚབ་ལ་སོགས་པས།   བཙན་པོ་ལ་མཚན་གསོལ་བ། ཆབ་སྲིད་གནམ་བས་མཐོ། དབུ་རྨོག་རི་བས་བཙན་ཏེ།  གནམ་རི་སློན་བཙན་དུ་བཏགས་སོ།།30”ཞེས་པ་སོགས་སུ་མཚོན་ཡོད་པ་ལྟར་རོ།།  རྗེས་སོར་བཙན་ཞེས་པའི་མིང་ཚིག་འདིའི་མཚོན་དོན་ཇེ་ཆེར་སོང་བ་དང་བསྟུན་ནས་རྗེ་གཉའ་ཁྲི་ནས་དར་མ་འུ་དུམ་བར་གྱི་རྒྱལ་པོ་ཡོད་དོ་ཅོག་ལ་ཁྱབ་མཉམ་དུ་བཀོལ་ཕྱིར།   མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་གྲུབ་རྒྱལ་གཉིས་ཀའི་གསུང་རྩོམ་དུ་རྒྱའི་ལོ་རྒྱུས་ཡིག་ཚང་དུ་བོད་ཀྱིས་རྒྱལ་པོ་ལ་བཙན་པོ་ཞེས་འབོད་ཅེས་བཀོད་ཡོད་གསུངས་པའི་རྒྱུ་མཚན་དེར་ཐུག་པར་སེམས།   ཡང་ན་མཚམས་རེར་ཆོས་རྒྱལ་ཞེས་བརྗོད་པ་ནི་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་བར་རྒྱབ་སྐྱོར་དང་མཐུན་རྐྱེན་སྒྲུབ་པའི་རྒྱལ་པོ་དག་ལ་ཆོས་པས་ཕར་བརྗོད་པའི་མིང་ཞིག་ཡིན།  འོན་ཀྱང་གོང་དུ་དྲངས་པའི་ཁྲི་དང་ལེགས།  ལྡེ།  བཙན་སོགས་ནི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་ཏུ་བཀོལ་ཁྱབ་ཆེ་ཆུང་མི་འདྲ་བ་ཙམ་ལས།  དོན་གྱི་སྟེང་ནས་བོད་འབངས་ཡོངས་ཀྱིས་དབང་བསྒྱུར་པའི་མཚན་ལ་ཆེ་བརྗོད་དང་གུས་ཚིག་འཕུལ་བ་ཁོ་ན་ཡིན་ཕྱིར་མཐའ་གཅིག་ཏུ་གཏན་ཁེལ་བྱས་པ་ཞིག་མེད་པར།    སྐབས་འགར་བསྣོལ་ནས་བརྗོད་པ་དང་སྐབས་འགར་མཉམ་དུ་བཀོལ་བ་སོགས་མང་པོ་མཐོང་དུ་ཡོད་དེ།  ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེར“ལྷ་བཙན་པོ་ཁྲྀ་སྲོང་ལྡེ་བརྩན་དང་།    ལྡེ་སྲོང་ཡབ་སྲས་ཀྱྀ་རིང་ལཱ།……ཉ་ ཁྲྀ་བཙན་པོ་མྱི་ཡུལ་གྱྀ་རྗེར། ལྷ་རྀ་གྱང་དོར་གཤེགས་པ་ཚུན་ཆད”31 ཅེས་པ་སོགས་ལས་ལྡེ་དང་ཁྲི། བཙན། ལྷ་སོགས་ཡོངས་ཁྱབ་ཏུ་བཀོལ་ཡོད་པ་ནི་ལོ་རྒྱུས་ལ་ངེས་ཆ་ཅུང་ཙམ་ཡོད་པས་ཤེས་ཐུབ་པས་ན་འདིར་ཚིག་ཚོགས་མང་པོ་ཞིག་བརྗོད་པའི་དགོས་པ་མ་མཆིས་ཕྱིར་འདི་ཙམ་གྱིས་ཆོག་པར་བྱ།
མཇུག་བསྡུ་བའི་གཏམ།
          དེ་ཡང་ཨུ་རུ་སུའི་རིག་སྨྲ་བ་ཀོར་ཅིས“གཏན་ཚིགས་རིགས་པ་ནི་མཚན་ཉིད་རིག་པ་ལ་བརྟེན་ནས་བྱུང་ཞིང་།  མཚན་ཉིད་རིག་པའི་ཕང་རིམ་དུ་འཕེལ་རྒྱས་བྱུང་བ་ཡིན”ཞེས་གསུངས་པ་ལྟར།  ང་ཚོ་འགྲོ་བ་མིའི་རིགས་ལ་རྗེས་དཔག་བསམ་གཞིགས་རགས་རིམ་ཡོད་པ་ནས་འགོ་ཚུགས་ཏེ་ཕྱིའི་སྣོད་ཀྱི་རྟེན་གོ་ལ་རིལ་བོ་འདིའི་ཆགས་ཚུལ་དང་།  ནང་བཅུད་ཀྱི་མི་རང་ཉིད་གཙོར་གྱུར་བའི་འགྲོ་བ་སེམས་ཅན་ཇི་ལྟར་བྱུང་བའི་མཚན་ཉིད་རིག་པའི་བསམ་བློ་རགས་རིམ་དེ་རང་རེའི་ཁ་བ་རི་བར་སྐལ་བ་ཡ་ཐོག་གི་དུས་ཞིག་ནས་བྱུང་བའི་བདེན་རྟགས་ཡོད་ལ། དེ་བཞིན་སྐབས་དེ་ནས་བཟུང་ཚད་མ་རིག་པའམ་གཏན་ཚིགས་རིག་པའི་བསམ་བློ་འདིའི་མྱུ་གུ་འབུས་པ་ཞིག་ཡིན་པ་ང་ཚོས་རྗེས་དཔག་རིག་པས་གཞལ་ནུས་མོད།   འོན་ཀྱང་ལོ་རྒྱུས་ཆག་འཇིག་གི་དབང་གིས་ནང་བསྟན་ཚད་གཞུང་བོད་དུ་མ་འགྱུར་བའི་ཡར་སྔོན་དུ།  ད་སྔ་སུ་ཞིག་གིས་ཀྱང་རང་རེའི་གངས་ཅན་བོད་ཀྱི་མེས་པོ་བཙན་པོ་དག་གིས་རྗེས་དཔག་རིག་པ་འདི་འཇལ་ཐབས་ཀྱི་རིག་པའི་གཞུང་ལུགས་ཤིག་ཡོད་པར་དཔྱད་བརྗོད་མཛད་ཡོད་པ་ཞིག་མིག་མཐོང་མ་བྱུང་།  དེའི་ཕྱིར་བདག་གིས་འདིར་མེས་པོའི་བློ་གྲོས་ཀྱི་ཤུལ་བཞག་སྔོག་འདོན་དང་བསྐྱར་འཛུགས་ཕྲན་ཙམ་བྱས་པ་འདིས་ཀྱང་གངས་ལྗོངས་ཤེས་རིག་མི་ནུབ་དར་རྒྱས་འབྱུང་བའི་རྒྱུ་རུ་གྱུར་ཅིག།
མཆན་འགྲེལ།
           ①འདིའི་སྐབས་ཀྱི་བོན་ནི་གོང་ལྟར་རིག་གཞུང་སྤྱི་འདུས་ཤིག་ལ་མི་གོ་བར་ཆོས་ལུགས་ཁོ་ན་ལ་གོ་ན་ལེགས་པར་སེམས།
           ② 《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་》 ན་གསལ།   
           ③ 《ལྡེའུ་ཆོས་འབྱུང་》དུ་གསལ།   
           ④ 《བཀའ་ཐང་སྡེ་ལྔ》 གུ་རུ་ཨོ་རྒྱན་གླེང་བས་གཏེར་ནས་བཏོན། མི་རིགས་དཔེ་སྐྲུན་ཁང་གིས་1986ལོར་པར།  P115   
           ⑤ 《རྒྱལ་རབས་གསལ་བའི་མེ་ལོང་》ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས།   བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས་1995ལོར་པར།   
           ⑥ 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》 རྒྱལ་མོ་འབྲུག་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་1995ལོར་པར།  P49   
           ⑦⑧ 《ས་པཎ་གྱི་གསུང་འབུམ་》 པོད་གཉིས་པ།   བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་1992ལོར་པར།  P268   
           ⑨《བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས》 ཚེ་རིང་དོན་གྲུབ་ཀྱིས་བརྩམས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས2008ལོར་པར།  P210  
           ⑩《ཆོས་འབྱུང་མཁས་པའི་དགའ་སྟོན》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།  པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་ཁང་གིས་1985ལོར་པར།  P59   
           ⑾《ཚད་མ་རིག་གཏེར་གྱི་འབྲེལ་བ》ས་པཎ་གྱི་གསུང་འབུམ།   P5
           ⑿ཤེས་བྱ་ཀུན་ཁྱབ》 P676
           ⒀《འཛམ་གླིང་ལོ་རྒྱུས་རགས་བཤད》ཧྲང་ཝའོ་དཔེ་སྐྲུན་ཁང་གིས་1989ལོར་དཔར།  P40                     
           ⒁《བོན་སྒྲུང་ལྡེའི་གསུམ་གྱིས་སྲིད་བསྐྱངས་ཚུལ》 P213 
           ⒂《ཞང་བོད་ལོ་རྒྱུས་ཏི་སེ་ལྷུན་པོའི་འོད་སྣང》ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་ཁང་གིས་1996ལོར་པར།
           16《ཆོས་འབྱུང་མེ་ཏོག་སྙིང་པོ》 ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གིས1988ལོར་པར། 
           17 《ཞང་བོད་ལོ་རྒྱུས་ཏི་སེ་ལྷུན་པོའི་འོད་སྣང་》 དུ་གསལ།  
           18《བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་) P212
           19《ཆོས་འབྱུང་མཁས་པའི་དགའ་སྟོན་》 P163   
           20རེ་ཞེས་པ་ཨེ་ཡིན་སྙམ། རྒྱུ་མཚན་ཏུན་ཧོང་ཡིག་རྙིང་གི་ཚིག་འབྲེལ་དུ་རེ་ནི་བྱ་ཚིག་རང་དབང་ཅན་གྱི་རྗེས་སུ་སྦྱོར་བའི་དགག་སྒྲ་དང་མཚུངས་ཞེས་བསྟན་ཡོད། འོན་ཀྱང་དཔེ་དེབ་རང་གི་སྟེང་དུ་རི་ཞེས་བྲིས་ཡོད་ཕྱིར་དེ་ལྟར་བརྐོད་པ་ཡིན།
           21 22《ལོ་རྒྱུས་གཡུ་ཡི་ཕྲེང་བ》 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་བསྒྲིགས་རྩོམ་བྱས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་1991ལོར་པར།  P74. P77
           23《དཔལ་དོན་གྲུབ་རྒྱལ་གྱི་གསུངས་འབུམ》 པོད་གསུམ་པ་ལས་དྲངས།   མི་རིགས་དཔེ་སྐྲུན་ཁང་གིས་1997ལོར་པར།   P35 1
           24《ལྡེའུ་ཆོས་འབྱུང་》ལས་དྲངས།
           25《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 ན་གསལ།
           26《སྟོང་གུང་གཏེར་ཡིག་》ན་གསལ།
           27《དབོན་ཞང་རྡོ་རིང་》ན་གསལ།
           28《ཞང་བོད་ལོ་རྒྱུས་ཏི་སེ་ལྷུན་པོའི་འོད་སྣང་》ན་གསལ།
           29 31《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་》 P17030《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཕྲེང་》 P75

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1