རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་2019ལོའི་གཙོ་གནད་ལས་དོན་ཆེན་པོ་དྲུག་ཡོངས་བསྒྲགས་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-17
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་ལེན་ལས་དོན་གྱི་ཚོགས་འདུའི་ཐོག་2019ལོའི་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་གཙོ་གནད་ལས་དོན་ཆེན་པོ་དྲུག་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་སྨན་བཅོས་འགན་བཅོལ་གྱི་མགོ་སྐོར་གཡོ་ལེན་ལ་རྡུང་རྡེག་གཏོང་རྒྱུའི་དམ་བསྒྲགས་རྣམ་པ་སྲ་བརྟན་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་གཅིག་གྱུར་ངང་བཙུགས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཁྲོད་སྨན་བཅོས་འགན་ལེན་གྱི་མཐིལ་འདེགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་བབ་བསྟུན་ལེགས་སྒྲིག་གི་ལམ་སྲོལ་འཛུགས་པ་དང་སྨན་བཅོས་འགན་བཅོལ་ལེགས་པར་ཉོ་མཁན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སྲོག་སྐྱོབ་དང་མྱུར་སྐྱོབ་ཀྱི་སྨན་ཡག་པ་སྨན་བཅོས་འགན་བཅོལ་ནང་འཇུག་པ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་མུ་མཐུད་སྒྱུར་བཅོས་བྱེད་པ། སྨན་རྫས་ཉོ་སྒྲུབ་ཀྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་ཚོད་ལྟའི་བེད་སྤྱོད་མུ་མཐུད་ཡག་པོ་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། རིན་གོང་མཐོ་བའི་སྨན་སྤྱོད་མཁོ་ཆས་འགྲོ་རྒྱུག་དང་བེད་སྤྱོད་ལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ལས་སྒྲུབ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་སྨན་རིན་ཐད་ཀར་རྩིས་ཞུ་ཐུབ་པར་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཚུད་ཡོད་པ་རེད།
2018ལོར་རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་རིན་གོང་སྒྲིག་པ་དང་ཡུལ་གཞན་དུ་སྨན་རིན་རྩིས་ཞུ་སོགས་ལ་གྲོས་མོལ་བྱས་པ་བརྒྱུད། ནད་པ་དེ་བས་མང་བས་སྨན་སྤྱོད་ཐུབ་པ་དང་ནད་ལྟ་རྒྱུར་སྟབས་བདེ་བསྐྲུན་ཡོད། འབྲས་སྐྲན་འགོག་པའི་སྨན་ཁག་17གྱི་རིན་གོང་དམའ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་ཁ་པ་རིགས་ཀྱི་དཀར་ཆག་ནང་བཅུག་སྟེ་ཆ་སྙོམས་རིན་གོང་གཅོག་ཚད་56.7%ཟིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་མིག་སྔའི་བར་རྒྱལ་ཡོངས་སུ་གྲོས་མོལ་བྱས་པའི་འབྲས་སྐྲན་འགོག་སྨན་སྒམ་ཁྲི་60ལྷག་ཙམ་སྤྱད་ཡོད། ལོ་ཧྲིལ་པོར་རྒྱལ་ཡོངས་སུ་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་ཞུ་བྱས་པའི་མི་ཐེངས་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།