སྤུན་ཟླ་ལགས ཁྱེད་རང་མདུན་ཕྱོགས་སུ་སྐྱོད་དང
མདུན་ཕྱོགས་ཀྱི་མཚེའུ་ཞིག་གི་ནང་ནས
ཁྱེད་ཀྱིས་ཁྱེད་རང་མ་འོངས་པར་འཕྲད་སྲིད་པ་མཐའ་དག
གཅིག་ཀྱང་མ་ལུས་པར་གསལ་བོར་མཐོང་སྲིད
སྤུན་ཟླ་ལགས ཁྱེད་རང་མདུན་ཕྱོགས་སུ་སྐྱོད་པའི་ལམ་བར་ནས
རང་རློམ་ཆེ་བའི་ཁྭ་ཏ་ཞིག་ལ་འཕྲད་སྲིད་ཅིང
ཁོས ཁྱེད་ལ་ཉོག་གཏམ་མང་པོ་ཞིག་བརྗོད་ནས
སུན་པོ་བཟོ་ངེས་ནའང
ཁྱེད་ཀྱིས་ཁོ་ལ་ཐ་མག་རྐང་གཅིག་ཕངས་མེད་དུ་སྦྱིན་དང
ཁོས་ཐ་མག་རྐང་དེ་བརྔུབས་ཚར་རྗེས
ཁྱེད་ལ་ནགས་གསེབ་ཏུ་ཟུག་པའི་རྐང་ལམ་ཕྲ་མོ་ཞིག་གསལ་བོར་སྟོན་ངེས
རྐང་ལམ་ཕྲ་མོ་དེ་དེད་ནས ཁྱེད་རང་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དང
རྩེ་མོ་དགུང་ལ་ཟུག་པའི་སྡོང་རྒན་ཞིག་གི་རྩ་ནས
ཁྱེད་རང་མེ་ལྟར་དམར་བའི་ཝ་མོ་ཞིག་ལ་འཕྲད་ངེས་ཤིང
ཁོས ཁྱེད་ཀྱི་མདུན་ལ་ཤ་ཆང་གི་སྡེར་ཀ་བསྒྲིགས་ནས
འཇིག་རྟེན་གནམ་གྱི་འོག་ནས
ཁོ་མ་གཏོགས གཞན་སུ་ལའང་བློ་གཏོད་མི་རུང་ཚུལ་བརྗོད་བཞིན
ཁྱེད་ལ་ཤ་ཆང་གཉིས་ཀ་འདྲེན་ངེས་ནའང
ཁྱེད་ཀྱིས་ཤ་ཁོ་ན་བཟའ་རུང་བ་ལས
ཆང་དེ་གཏན་ནས་འཐུང་མི་རུང་ངོ
སྤུན་ཟླ་ལགས ཁྱེད་རང་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དང
ལམ་བར་ནས ཁྱེད་རང་ངལ་ཞིང་དུབ་སྟེ
མགོ་བོ་བྲང་ཁར་ལྷུང་ནས་འགྱེལ་ལ་ཉེ་དུས
གློ་བུར་དུ་བྱིའུ་ཆུང་ཞིག
ཁྱེད་ཀྱི་ཕྲག་གོང་དུ་བབས་འོངས་ནས་ཁྱེད་ལ
སྤུན་ཟླ ཁྱེད་རང་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དང
ཁྱེད་ཀྱིས་འཚོལ་བཞིན་པའི་མཚེའུ་དེ་མདུན་ཕྱོགས་ན་ཡོད་ཅེས་བརྗོད་ངེས
སྤུན་ཟླ་ལགས ཁྱེད་ཀྱིས་བྱིའུ་ཆུང་དེའི་སྐད་ཆ་དེ་ཡིད་ལ་བཅངས་ནས
ཁྱེད་རང་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དང
མདུན་ཕྱོགས་ནས ཁྱེད་རང་ནམ་མཁའ་ལྟར་སྔོ་བའི
མཚེའུ་ཞིག་དང་འཕྲད་སྲིད་པ་དང
མཚེའུ་དེ་ལས ཁྱེད་ཀྱིས་རང་ཉིད་ཀྱི་སང་ཉིན་མཐོང་སྲིད་ཅིང
མཚེའུ་དེ་ལས ཁྱེད་ཀྱིས་ང་ཡི་མཐའ་མཇུག་གི་མིག་ཆུའང་མཐོང་སྲིད་དོ
[ཕྲན་དཔྱད།/རེ་རྐང་གླིང་།(རྨ་ལྷོ)]སང་ཉིན་ནི་དེ་རིང་གི་ཕྱི་ཉིན་ཏེ་མིང་ཚིག་རང་སྟེང་གི་ཆོས་ཉིད་ལྟར་བཀྲལ་ན་དུས་ཚོད་སྟོན་པའི་སྐད་བརྡ་ཙམ་ལས་ཅི་ཡང་མིན་ནའང་། རྩོམ་རིག་སྒྱུ་རྩལ་གྱི་མཚོན་དོན་ལས་ཚིག་ངོས་ཀྱི་རྒྱབ་ལྗོངས་ཤིན་ཏུ་ཡངས་པ་ཅན་ཞིག་ཏུ་བཏང་ཡོད། རྒྱུན་སྲོལ་གྱི་གོ་བ་ལེན་ཚུལ་ལྟར་ན་སང་ཉིན་གྱིས་མ་འོངས་པ་དང་ཕུགས་བསམ། རེ་བ་སོགས་སྟོན་པ་ཤུགས་ཆེ་སྟེ།“ང་ཚོའི་སང་ཉིན་ནི་དེ་རིང་གི་འབད་བརྩོན་ལས་ཐོན་པ་ཡིན”ཟེར་བ་ལྟ་བུ་ཆེས་སྤྱིར་བཏང་གི་སྐད་ཆར་གཏོགས་ནའང་། སྙན་ངག་འདི་ལས་གཙོ་བོ་མ་འོངས་པའི་ཕུགས་བསམ་དང་རེ་བ་ཞིག་སྟོན་གྱིན་མེད་པར་མིའི་རིགས་སྤྱི་ལ་འདྲ་མཉམ་དུ་དབང་བའི་འཆི་བ་དེ་བསྟན་ཡོད།
བོད་མིའི་མཛེས་དཔྱོད་ཀྱི་ཁྲོད་དུ་འཆི་བ་མི་རྟག་པར་འཇོག་ཅིང་། དེ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་མང་པོ་ཞིག་ཀྱང་ཡོད། རྒྱུན་ལྡན་འཚོ་བའི་སྣང་ཚུལ་གྱི་ངོས་ནས་བརྗོད་ནའང་འཆི་བ་ཁོ་ནས་ང་ཚོ་ལ་རང་ཉིད་གསོན་ཡོད་པའི་གནས་ལུགས་སྟོན་ཅིང་། སྐབས་གང་དུའང་གཞན་དབང་གི་སྡུག་བསྔལ་ཞིག་དང་ཁེར་རྐྱང་གི་སྐྱོ་བ་ཞིག་བསྩལ་ཡོང་ཞིང་། སྡུག་བསྔལ་དེ་དང་སྐྱོ་བ་དེས་མི་མང་པོ་ཞིག་ལ་སྙན་ངག་བྲི་བའི་བློ་དེ་སྐྱེས་སུ་བཅུག་པ་ནང་བཞིན《སང་ཉིན》ཡང་དེ་ལས་མ་འདས་སོ།།
སྙན་ངག་པ་ཞིག་ལ་མཚོན་ན་རང་རང་ལ་ཐུན་མོང་མ་ཡིན་པའི་སྙན་ངག་གི་མཚོན་ཐབས་རེ་ཡོད་ཅིང་། དེ་དག་ཡིད་བརྙན་དང་བསྡུས་བརྗོད། དཔེ་དང་གཟུགས་རྒྱན་སོགས་ཀྱི་ལམ་ཁ་ནས་སྟོན་གྱིན་ཡོད། ཡང་རེ་འགའ་སྙན་ངག་གི་གྲུབ་མཐའ་ཆེན་པོའི་རིགས་དང་སྙན་ངག་པ་མི་སྒེར་གྱི་ཤན་ཞུགས་ལས་མཚོན་ཐབས་རྙིང་བ་ལ་སྲོག་གསར་བ་གཞུག་མཁན་ཡང་ཡོད་པ་རེད།
མར་ཁུ་རྒྱལ་མཚན་གྱི་སྙན་ངག་གི་མཚོན་ཐབས་དང་སྒྲིག་གཞི་ལས་ང་ཚོས་རྟོགས་ཐུབ་པ་ནི་ཁོང་གི་སྙན་ངག་དག་ལ་འཆར་ཡན་རིང་ལུགས་ཀྱི་རྗེས་ཤུལ་ཟབ་མོ་ཞིག་ཡོད་པ་རྣམ་ཀུན་ཚིག་སྦྱོར་ལ་དུངས་བརྗོད་ཀྱི་ཆ་ལྡན་ཞིང་དབྱངས་ཀྱི་མཚམས་ཚིགས་དང་ཡིད་བརྙན་གྱི་བཀོད་པ་གང་ཡིན་རུང་འཆར་ཡན་དེ་བསྡུས་བརྗོད་ཀྱི་སྐབས་སུ་འཕོས་པའི་བར་བརྒལ་དེའི་མཚོན་ཐབས་ཀྱི་སྟེང་ན་གནས་ཡོད།
དེ་ཡང་། སྙན་ཚིག་གི་རྐང་བ་དང་པོ“སྤུན་ཟླ་ལགས”ཞེས་པ་ནས“མ་འོངས་པར་འཕྲད་སྲིད་པ་མཐའ་དག་གསལ་བོར་མཐོང་སྲིད”ཅེས་པའི་དུམ་མཚམས་དེ་རུ་གང་བརྗོད་པར་འདོད་པའི་སེམས་ཀྱི་དམིགས་ས་དེ་གསལ་བོར་བསྟན་ཡོད་ཅིང་། སང་ཉིན་གྱི་ཡིད་བརྙན་དུ་མཚེའུ་ཞིག་བཀོད་ཡོད། མེ་ལོང་དང་མཚེའུ་སོགས་གཟུགས་བརྙན་སྟོན་པའི་ཡིད་བརྙན་དུ་འཇོག་པ་ཐུན་མོང་གི་ལུགས་ཤིག་ཡིན་ནའང་། རང་རེའི་བོད་ལ་མཚོན་ན་མཚེའུ་ཡི་ལོ་རྒྱུས་རྒྱབ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ལ་ལྷ་མོ་བླ་མཚོ་ལྟ་བུ་ཡང་སྲིད་ངོས་འཛིན་པར་ལུང་སྟོན་མཁན་གྱི་མེ་ལོང་ལྟ་བུར་མགོ་ནག་བོད་པ་སུ་ཡིན་ཡང་ཁས་འཆེ་བས་ན། སྙན་ཚིག་འདིའི་ཁྲོད་དུ་བསྟན་པའི་མ་འོངས་པར་འཕྲད་སྲིད་པ་མཐའ་དག་བརྙན་ཡོལ་ལས་མཐོང་ཡོང་བ་ཇི་བཞིན་མཚེའུ་དེ་ལས་གསལ་བོར་མཐོང་སྲིད་པར་བརྗོད་པ་དེ་ཧ་ཅང་ལྐོག་གྱུར་ཞིག་དང་སྒྱུ་འཕྲུལ་ཞིག་མ་ཡིན་ནོ།།
དུམ་མཚམས་གཉིས་པ་རུ་སྙན་ངག་པའི་སེམས་ནང་གི་སོ་སྐྱེས་ཕལ་བ་རྣམས་འདོད་ཧམ་དང་ཤེས་རྨོངས་ཀྱིས་དུས་འདའ་བཞིན་པ་རང་རློམ་ཆེ་བའི་ཁྭ་ཏ་ཞིག་གི་གཟུགས་སུ་བཀོད་དེ་རེ་ཆད་དང་སྐྱོ་གདུང་གི་སེམས་ཁམས་མངོན་ཡོད་པས་ཀྱང་། སྙན་ངག་པས་སོ་སྐྱེས་ཕལ་བ་རྣམས་ལ་བཅངས་པའི་བཟོད་སྒོམ་དང་དཀྱེལ་ཡངས་འབྱམས་ཀླས་པ་དེ་ལ་འགྲོ་བ་མིའི་རིགས་སེམས་འགུལ་ཐེབས་པ་ནས་རང་ཉིད་ཀྱི་དམིགས་སའི་ལམ་ཁ་དེ་གསལ་བོར་བསྟན་ཡོད་པར་བརྗོད།
སྤྱིར་བོད་མིའི་མཛེས་དཔྱོད་ལྟར་བཤད་ན་བྱ་ཁྭ་ཏ་དེ་མ་རུང་བ་ཞིག་དང་མི་མཛེས་པའི་དཔེ་རུ་འགོད་པ་གེ་སར་རྒྱལ་པོའི་སྒྲུང་སོགས་ལས་ཤེས་ཐུབ་མོད། དུམ་མཚམས་གསུམ་པ་རུ་མེ་ལྟར་དམར་བའི་ཝ་མོ་ཞིག་ལ་འཕྲད་ངེས་ཀྱི་ལུང་བསྟན་པ་དེས་ད་གཟོད་ང་ཚོའི་སེམས་ལ་ཨུ་རུ་སུའི་རབ་རྟོག་སྒྲུང་བ་ཁེ་ལོའུ་ལའོ་ཧྥུ་ཡི་སྒྲུང་གྲགས་ཅན《ཁྭ་ཏ་དང་ཝ་མོ》 ཞེས་པ་དེ་དྲན་ཡོང་ལ། གཡོ་སྒྱུ་ཅན་གྱི་ཝ་མོ་དེ་ཡིས་གཞན་སུ་ལའང་བློ་གཏོད་མི་རུང་ཚུལ་བརྗོད་བཞིན་ཤ་ཆང་འདྲེན་པའི་སྦྱོར་བ་དེས་སྔར་གྱི་སོ་སྐྱེས་ཕལ་བ་དག་ལས་རང་མགོ་ཐོན་པའི་མི་རབས་ཤིག་གི་སྣང་བརྙན་གསོན་པོར་བསྟན་ཡོད་དེ། རིག་པའི་ལམ་སྣ་ཟིན་ནའང་གཉའ་ཆག་གི་བབས་སུ་ལྷུང་བའི་སེམས་ཀྱི་མནར་སྡུག་གིས་ཤེས་རབ་དེ་གཞན་མགོ་གཡོག་བྱེད་ཀྱི་ལག་ཆ་རུ་གྱུར་ཡོད་པར་དོགས་ཟོན་བྱ་དགོས་པའི་འབོད་སྐུལ་གནང་ཡོད།
སེམས་པ་ཆུ་ཕྲན་ལྟར་ལྷུང་ལྷུང་འབབ་པའི་སྙན་ངག་པ་ཞིག་གི་སེམས་ཀྱི་ཕྱི་ནང་གསང་གསུམ་སྙན་ངག་འདིའི་ཚོར་རྟོག་གི་ཀློང་ལ་ཐིམ་པས་ན་སྙན་ངག་པའི་ནང་སེམས་ཧྲིལ་པོ་འབར་ལ་ཉེ་ཞིང་། མིའི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་གི་ནང་ཁོག་ཧྲིལ་པོ་གསལ་བོར་མཐོང་བའི་རྣམ་རྟོག་གིས་རང་ཉིད་ཀྱི་མགོ་བོ་བྲང་ཁར་ལྷུང་ནས་འགྱེལ་ལ་ཉེ་དུས། ནང་སེམས་ལས་བཏོན་པའི་སྙན་ངག་གི་ཕོ་ཉའམ་བྱིའུ་ཆུང་ཞིག་གིས་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་དགོས་པར་བརྗོད་པ་འདི་ལས་སྙན་ངག་པ་དང་སྙན་ཚིག་འདི་དབུལ་སའི་མི་སྣ་གཉིས་ངོ་བོ་གཅིག་ཏུ་འདྲེས་ཤིང་། ཕན་ཚུན་ལ་བཟུང་བའི་བརྩེ་དུངས་ཀྱི་རྣམ་འགྱུར་དང་རེ་བ་དག་གསལ་བོར་གོ་ནུས།
སྙན་ངག་འདིའི་སྒྲིག་གཞི་དང་གོ་དོན་གྱི་ཆ་ནས་སྙན་ངག་པ་ཆེན་མོ་ཏན་ཏིན་ལགས་ཀྱིས《ལྷའི་རོལ་དབྱངས》སུ་སྙན་ངག་པ་མུན་པ་འཐིབས་པའི་ནགས་ཚལ་དུ་ལམ་ནོར་ཐེབས་ཏེ་སྡུག་སྐད་འདོན་གྱིན་པར་གནའ་རབས་རོ་མཱའི་སྙན་ངག་པ་ཝེ་ཅི་ཨར་སླེབས་པ་ནས་ཁོ་རང་བསྐྱབས་ཤིང་སྙན་ངག་པ་ཁོང་གི་སེམས་ཀྱི་འཕྲེང་རྟེན་དུ་གྱུར་པའི་མཛེས་མ་བྷེར་ཐྲི་རེབ་ཚི་ཡི་རྣམ་ཤེས་ལ་སྤྲད་དེ་ལྷ་ཡུལ་ཁམས་སུ་ཡུལ་སྐོར་དུ་འཁྲིད་པ་ནས་ལྷ་དཀོན་མཆོག་ལ་དངོས་སུ་ཞལ་མཇལ་བའི་སྐོར་བཀོད་པ་དེ་བཞིན། སྙན་ཚིག་འདིས་ཀྱང་ནགས་གསེབ་ཏུ་ཟུག་པའི་རྐང་ལམ་ཕྲ་མོ་ཞིག་གི་ཕར་ངོགས་སུ་ཡོད་པའི་མཚེའུ་དེའི་ལམ་གྱི་ལེའུ་དག་རང་བཞིན་མི་གཅིག་པའི་སྲོག་ཆགས་གསུམ་གྱི་སེམས་ཁམས་དང་སྐད་ཆ་ལས་མཚོན་ཐུབ་ཡོད།
སྙན་ངག་འདིའི་དུམ་མཚམས་ཆེས་རྗེས་མ་ནི་བསྡུས་བརྗོད་ཀྱི་གབ་ཤུགས་ཆེ་ལ་སྙན་ཚིག་གི་བརྗོད་སྙིང་ཧྲིལ་པོ་དཀྱུས་གཅིག་ཏུ་སྟོན་པའི་ལེའུ་ཞིག་སྟེ་ནང་སེམས་ལས་བཏོན་པའི་སྙན་ངག་གི་ཕོ་ཉའམ་བྱིའུ་ཆུང་དེའི་སྐད་ཆར་ཡིད་ཆེས་སྒོས་མུ་མཐུད་དུ་མདུན་ཕྱོགས་སུ་སོང་ན་སྙན་ངག་པའི་གང་བརྗོད་པར་འདོད་པའི་སྙན་ངག་གི་ཁམས་སམ་ཡུལ་ཏེ། ནམ་མཁའ་ལྟར་སྔོ་བའི་མཚེའུ་དེ་ལ་འཕྲད་ཐུབ་པ་རེད།
དུམ་མཚམས་འདིའི་ཁྲོད་ཀྱི་མཚེའུ་དེ་དུམ་མཚམས་དང་པོའི་ནང་གི་མཚེའུ་དང་ཅུང་མི་འདྲ་བ་ཞིག་ནི་ནམ་མཁའ་ལྟར་སྔོ་བ་སྟེ་སྟོང་བའི་རང་བཞིན་ཆེས་གསལ་བའི་མཚེའུ་དེ་ལས་ད་གཟོད་སྙན་ཚིག་གི་ཡིད་བརྙན་ཚོགས་པའི་སྤྱི་དོན་གྱི་སང་ཉིན་མཐོང་སྲིད་པ་མངོན་པར་བསྟན་ཡོད་ཅིང་། འཆི་བའི་ཡིད་བརྙན་དུ་བཀོད་པའི་སང་ཉིན་དེ་མཐོང་བའི་མོད་ལ་འབོད་པའི་ཐ་སྙད་དང་པོ“ང་ཡི་སྐྱོ་ལ་སྡུག་པའི་སྣང་སྟོང་གི་མིག་ཆུ་དེ་ཡང་མཐོང་སྲིད”པར་བརྗོད་ཡོད།
མཐའ་མཇུག་གི་མིག་ཆུ་དེ་ལ་རྐྱེན་བྱས་ཏེ་སྔོན་གྱི་བྱུང་རིམ་ཆ་ཚང་ལ་བསམ་གཞིག་བྱ་དགོས་པ་ནི་སྐབས་འདིའི་སྙན་ངག་པ་མཚན་ཉིད་རིག་པ་བའི་མཐོ་ཚད་དུ་འགྲེང་སྟེ་སྐད་ཆ་བཤད་ཡོད་པ། སང་ཉིན་མཐོང་བ་ནི་སྙན་ངག་པའི་མཐའ་མཇུག་གི་མིག་ཆུ་མཐོང་བ་སྟེ་འཆི་བའི་དབང་དུ་བྱས་པའི་འཇིག་རྟེན་མི་ཡུལ་དུ་ཀུན་རྫོབ་ཀྱི་བདེན་པ་ཙམ་ལས་དོན་དམ་གྱི་བདེན་པ་ཞིག་མེད་པར་བསྙད་ཅིང་། བཙལ་ནས་རྙེད་པ་དེ་ཡང་མཐར་གཏུགས་ན་སྡུག་བསྔལ་གྱི་ས་བོན་ཡིན་པ་དེ་ལས་འཚོ་བའི་སྙིང་བོ་དེ་ལ་ཐོག་མ་དང་མཐའ་མ་མེད་པར་གཟུང་འཛིན་གྱི་བྱུང་རིམ་ཁོ་ན་ང་ཚོའི་ཚོར་ཤེས་ཀྱི་རྒྱུད་དུ་ཟུག་པའི་རྟག་བརྟན་གྱི་ཡིད་བརྙན་ཡིན་པ་དེ་ཙམ་ལས་འཇིག་རྟེན་གྱི་རང་བཞིན་མི་རྟག་པ་དང་འཆི་བའི་དམ་དུ་བཅིངས་པའི་མནོ་བསམ་སྐོར་བརྗོད་ཡོད་པ་རེད།