༄༅།། བོད་ཀྱི་ཕྱྭ་གཡང་རིག་གནས་ཀྱི་བྱུང་འཕེལ་སྐོར་ལ་དཔྱད་པ།

པདྨ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 12-09



 པདྨ་རྒྱལ།
[ནང་དོན་གནད་བསྡུས།] ཕྱྭ་གཡང་ནི་འབྱུང་ཁུངས་ཀྱི་ཆ་ནས་གདོད་མའི་སྐྱེད་སྤེལ་མཐུ་རྩལ་(丰产巫术)གྱི་ཆོ་ག་དང་སྣང་སྲིད་ལྷའི་རྣམ་རོལ་ཏུ་འཛིན་པའི་འདུ་ཤེས་ཀྱི་རྨང་གཞིའི་སྟེང་འཕེལ་ནས་བྱུང་ཞིང་། དེ་ནི་འཛམ་གླིང་རང་བཞིན་གྱི་གདོད་མའི་ཆོ་ག་ཞིག་ཡིན། མཐུ་རྩལ་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་པས།   དེས་མིའི་རིགས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་ལ་དབང་བཀོད་བྱེད་པའི་སྙིང་སྟོབས་མཚོན་པར་བརྗོད་པ་རེད།
[བརྡ་ཆད་གཙོ་བོ།] ཕྱྭ་གཡང་། གཡང་འགུགས། མཐུ་རྩལ། ཆོ་ག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)02-0086-13
དང་པོ། ཕྱྭ་གཡང་གི་གོ་དོན་སྐོར་བཤད་པ།   
             གཅིག ཕྱྭ་གཡང་གི་གོ་དོན། སྤྱིར་ཕྱྭ་དང་གཡང་གཉིས་ནི་གོ་དོན་ཐ་དད་པའི་གནའ་བོའི་བོད་ཀྱི་བརྡ་རྙིང་མའི་གྲས་ཤིན་ཏུ་གལ་ཆེན་ཞིག་ཡིན་ལ།  དེ་དག་ནི་ཏུན་ཧོང་ཡིག་རྙིང་དང་གནའ་བོའི་བོན་གཞུང་ཁུངས་ཐུབ་མང་པོར་ཡང་རྟག་ཏུ་མཐོང་ཞིང་།   དེ་དག་ལ་ལྷ་སྒྲུང་དང་ཆོས་ལུགས།   ལོ་རྒྱུས་སོགས་ཕྱོགས་མང་པོའི་ཐད་ཀྱི་གོ་དོན་དང་རིག་གནས་ཀྱི་དོན་སྙིང་ལྡན་པ་རེད། ད་ལྟའི་གཡང་འགུགས་ཀྱི་ཆོ་ག་ཁག་དང་དམངས་ཁྲོད་ཀྱི་གསོལ་མཆོད་སྣ་ཚོགས་ལས་གཞན་《གླིང་སྒྲུང་》སོགས་འབྲེལ་ཡོད་ཡིག་ཆ་མང་པོ་ཞིག་ལས་“ཚེ་བསོད་ཕྱྭ་གཡང་ཀླུང་རྟ་ཡར་ལ་བསྐྱེད་”ཅེས་ཕྱྭ་དང་གཡང་གཉིས་ཐ་སྙད་གཅིག་ཏུ་འདོད་པ་དང་། ཡང་ན་ཕྱྭ་དང་གཡང་གཉིས་ནི་བརྡ་རྙིང་གི་ཁྱད་པར་ཙམ་ལས་དོན་གཅིག་པར་འདོད་པ་སོགས་ཀྱི་ལྟ་ཚུལ་རྒྱུན་འབྱམས་སུ་སོང་ཡོད་པ་རེད། དོན་དངོས་སུ་ཕྱྭ་དང་གཡང་གཉིས་ནི་གདོད་མའི་ལྷ་སྒྲུང་གི་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་“སྣང་སྲིད་བླ་ཡོད་འདུ་ཤེས་”ཀྱི་རྨང་གཞིའི་སྟེང་ནས་འཕྲོས་ཤིང་འཕེལ་ཏེ་བྱུང་བའི་ཕྱིར་ན་དེ་དག་ལ་ཐུན་མོང་གི་འབྱུང་ཁུངས་ཡོད་ནའང་གཞི་དོན་གྱི་ཐད་ལ་རྦད་དེ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པ་སྟེ།  བོན་གྱི་གནའ་བོའི་ཕྱྭ་གཡང་སྐོར་གྱི་ཆོག་རབས་《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་》ཅེས་པ་ལས།“དང་པོ་ཕྱྭ་ཞེས་བྱ་བའི་མཚན་ཉིད་ནི། གནམ་ནས་ས་ལ་བྱོན་པའི་དོན། གཡང་ཞེས་བྱ་བའི་མཚན་ཉིད་ནི། དམུ་ཡད་ཟས་བཅུད་ལེན་པའི་དོན། ”①ཞེས་པ་དང་། ཡང་དམངས་ཁྲོད་གཡང་ཆོག་《གཡང་བཙལ་བ་》ཞེས་པ་ལས“ནགས་ཤོང་གསེབ་པོར་གཡང་བཙལ་སོང་།།  སྟག་གཟིག་མང་པོ་གཡང་དང་ཁེལ།། སྤང་ཁ་མང་པོར་གཡང་བཙལ་སོང་།། ཤྭ་དགོ་མང་པོ་གཡང་དང་ཁེལ།། ས་དོག་མོ་གསེབ་པོར་གཡང་བཙལ་སོང་།།  མྱི་མགོ་ནག་མང་པོ་གཡང་དང་ཁེལ།། རྒྱ་མཚོ་གསེབ་པོར་གཡང་བཙལ་སོང་།། ཉ་སྲམ་མང་པོ་གཡང་དང་ཁེལ། །”②ཞེས་དང་།  གཞན་《གླིང་སྒྲུང་》གི་གཡུལ་འགྱེད་དང་འབྲེལ་བའི་སྒྲུང་ཁག་རྣམས་ནི་གླིང་གེ་སར་རྒྱལ་པོས་ཕྱོགས་ཀྱི་རྫོང་ཁག་མང་པོ་ཕབ་ནས་རྒྱུ་འབྱོར་གཡང་གི་དངོས་གྲུབ་བླངས་པའི་གཏམ་རྒྱུད་ཡིན་ཞིང་། འདིའི་སྐབས་ཀྱི་གཡང་ཞེས་པ་ནི་མཐར་གཏུགས་ན་རྟ་ནོར་ལུག་གསུམ་དང་གྲོ་ནས་གསེར་དངུལ་སོགས་རྒྱུ་འབྱོར་རང་མཚན་པ་ཁོ་ན་བསྟན་པ་ཤིན་ཏུ་གསལ་བ་རེད།  
             ཕྱྭ་ཞེས་པ་ནི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》ལས།“ཕྱྭ་བོན་ཞེས་པ་ནི་ཕྱྭའི་ལྷ་ཚོགས་བསྙེན་ཞིང་གསོལ་ནས་དབུལ་བ་སེལ་བ་དང་།  ཕྱྭ་གཡང་འགུགས་པའི་བོན་ལ་མཁས་པའི་བོན་པོ་ཞིག”③ཅེས་པ་དང་།  ཡང་དེ་ཉིད་ལས། “བདུད་བོན་ཆུ་ལྕགས་དང་།  དམུ་བོན་ཡེའུ་ཐན་དང་། བཙན་བོན་མཚལ་ལྕགས་དང་། གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ། སྲིད་བོན་མུ་ཆོ་དང་། སྐོས་བོན་གཙུག་སྲས་དང་། ཕྱྭ་བོན་ཐེའུ་ལེགས་དང་། ལྷ་བོན་ཐོད་དཀར་དང་།  དེ་རྣམས་ནི་ཡེ་གཤེན་གཉན་པ་བཅུ་གསུམ་འདུལ་བའི་བོན་པོ་ལགས་ཏེ།   གཤེན་རབ་དང་ཐབས་གཅིག་ཏུ་བཞུགས་སོ།”④ཞེས་པ་འདི་ལས་ཕྱྭ་བོན་ནི་ཕྱྭ་གཡང་གི་ཆོ་ག་ལ་མཁས་པའི་ལྷ་སྔགས་ཤིག་ཡིན་པ་ཤིན་ཏུ་གསལ་ལ། གཞན་ཡང་《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་》ཞེས་པ་ལས“མུ་ཡེ་པྲ་ཕུད་གཡང་གསས་ཕ་གཉན་བཞི།།    གསས་ཆེན་རིགས་ལྔ་ནོར་ལྷ་མཆེད་ལྔ་དང་།། གཡང་གི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ།།”⑤ཞེས་དང་། ཡང་དེ་ཉིད་ལས་“གཡང་གསས་པྲ་ཕུད་དབུ་དགུ་དང་།། ཕྱྭ་གཡང་ལྷ་ཚོགས་ཁྱེད་རྣམས་ཀྱིས།།  ཕྱྭ་དམའ་བ་ཁུག་ཅིག་ཕྱྭ་བདག་མོ།།   གཡང་འཐོར་བ་བསྡུས་ཤིག་གཡང་བདག་མོ།།”⑥ཞེས་དང་།  “གཡང་གསས་ལྷ་རྣམས་སྤྲུལ་བའི་སྐུ་བཞེངས་ལ།།  མུ་ཡེ་པྲ་ཕུད་གཡུང་དྲུང་ལྷའི་ལྷ།། མཐིང་ནག་དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ།།  ཞབས་བཞི་བགྲད་ནས་གནོད་སྦྱིན་གདན་ལ་བཞུགས།།   ཕྱག་དགུ་གཡས་ཀྱིས་ས་དགུའི་བཅུད་བསྡུས་ནས།།   གཡོན་དགུ་སྟོང་གསུམ་རིན་ཆེན་བཅུད་ཀྱིས་འགེངས།”⑦ཞེས་དང་།   《སྟོད་ལྷ་རབས་སམ་ཡི་གེ་ལྷ་གྱེས་ཅན་གྱི་གཞུང་》ཞེས་པ་དེ་ལས་“དང་པོ་བསྐལ་བས་བསྐལ་སྲིད་པས་མ་སྲིད་ཙམ་ན།   ཕྱྭ་ཡེ་མཁྱེན་ཆེན་པོ་བྱ་བ་གཅིག་སྲིད་པ་ཕྱྭ་ཡིས་བསྐོས་ཏེ་བྱུང་།”⑧ཞེས་པ་དང་།   ཁྱད་པར་དུ་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་《དམ་ཅན་བསྟན་སྲུང་གི་རྣམ་ཐར་》སོགས་གནའ་རབས་ཀྱི་ཡིག་ཆ་ཁུངས་ཐུབ་མང་པོར་སྲིད་པའི་ལྷ་རབས་མཆེད་བཞི་འདྲེན་སྐབས་“ཡབ་ལྷ་བརྡལ་དྲུག ཕྱྭ་ལྷ་བམ་ཆེན། རྒྱ་ལྷ་འབྲོང་ནམ།    འོ་དེ་གུང་རྒྱལ་རྣམས་བཀོད་ཡོད་པ་དང་། 《ཏུན་རོང་གནའ་ཡིག་》ལས་བོད་ཀྱི་བཙན་པོའི་གདུང་ཁུངས་དེ་ཡང་ཕྱྭ་ལ་གཏུགས་ཡོད་པར་མ་ཟད།《དབུ་ནག་མིའུ་འདྲ་ཆགས་》ལས་“རང་རེ་དབུ་ནག་གི་མི་ཞེས་པ་འདི།  དང་པོ་བྱུང་བའི་ཕུག་བཙུན་སྟེ།  འོད་གསལ་ལྷའི་གདུང་ལས་གྲོལ།   བར་དུ་སྲིད་པའི་བརྒྱུད་འཕེལ་སྟེ།  ཕྱྭ་དམུ་གཙུག་གསུམ་གཉན་དང་བཞི།  ཡེ་ངམ་གཉིས་དང་དྲུག་ཏུ་སྲིད།    ཐ་མར་བཅད་པའི་ས་བཟང་སྟེ། དབུ་ནག་མིའུ་གདུང་དྲུག་ལ། ཁ་ཁར་བརྩིས་ན་སོ་སོར་ཆེ།”⑨ཞེས་ཕྱྭ་ནི་བོད་ཀྱི་གདོད་མའི་རུས་ཁུངས་ཤིན་ཏུ་གལ་ཆེན་ཞིག་ཡིན་པའི་སྐོར་ཡང་མཐོང་ཐུབ་པ་རེད།  ཚུལ་འདི་དག་ལ་གཞིགས་ན་ཕྱྭ་ནི་བོད་ཀྱི་གཉུག་མའི་ལྷ་ཚོགས་ཆེས་གཙོ་བོ་ཞིག་ཡིན་པ་ཤིན་ཏུ་གསལ་ལ། གདོད་མའི་དུས་སུ་མི་རྣམས་ཀྱིས་ལྷ་ཚོགས་ལ་མཆོད་བཀུར་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མི་ཚེ་བསྲིང་བ་དང་རང་གི་མི་རྒྱུད་འཕེལ་ཐབས་སོགས་མདོར་ན་འཚོ་གནས་གྱི་གཞི་རྩའི་གནད་དོན་ཐག་གཅོད་བྱེད་པའི་གདོད་མའི་བསམ་གཞིག་ལས་བྱུང་བའི་ཐབས་ལམ་ཞིག་ཡིན་པའི་ཚུལ་དམངས་ཁྲོད་གཡང་ཆོག་སྣ་ཚོགས་དང་ཁྱད་པར་དུ་བོན་ལུགས་ཀྱི་གཞུང་མང་པོར་མཐོང་ཐུབ་པ་རེད།  ཁྱད་པར་དུ་《གཡང་བླན་》ཞེས་པ་ལས་“ཕྱྭ་འཁོར་དེ་ནི་སྒ་ར་ར།།   གཡང་འཁོར་དེ་ནི་ཀྱི་ལི་ལི།། ཕྱྭ་ཁུག་པ་རི་ལ་མ་འབྲོས་ཤིག།  གཡང་ཁུག་པ་ཁྱིམ་ནས་མ་ཉམས་ཤིག།”ཅེས་པའི་ཚིག་གི་བབ་ལ་བརྟག་ནའང་ཕྱྭ་ནི་རྟག་ཏུ་འབྲལ་མི་རུང་བའི་ལྷའི་བྱེ་བྲག་ཅིག་ཡིན་པ་དང་།  དོན་དངོས་སུ་དེ་ནི་གདོད་མའི་དུས་སུ་མི་རྣམས་ཀྱིས་གཙོ་བོ་རང་གི་རིགས་རྒྱུད་འཕེལ་བ་ལ་དམིགས་པའི་སྐྱེ་འཕེལ་གྱི་དད་མོས་དང་འབྲེལ་བའི་མཚུན་ལྷའི་མཆོད་བཀུར་སྣང་ཚུལ་ལས་བྱུང་བའི་ལྷ་ཚོགས་ཤིག་ཡིན་ཏེ། དེ་དག་ནི་གོང་དུ་དྲངས་པའི་ཕྱྭ་ལྷ་བམ་ཆེན་དང་མུ་ཡེ་པྲ་ཕུད་སོགས་ཡིན་ངེས་ལ།  ཕྱིས་སུ་བོད་ཀྱི་ཕྱྭ་གཡང་རིག་གནས་འཕེལ་འགྱུར་གྱི་དབང་གིས་གདོད་མའི་ཕྱྭ་གསས་སམ་ཕྱྭའི་ལྷ་ཚོགས་ཀྱི་འཕྲིན་ལས་ལ་ཡང་འཕོ་འགྱུར་བྱུང་སྟེ་མིའི་སྐྱེ་འཕེལ་དང་ཚེ་བསོད།   སྙན་གྲགས་སོགས་ལ་ཕྱོགས་ཡོངས་ནས་དབང་བྱེད་པའི་ལྷ་ཚོགས་ཤིག་ཏུ་གྲུབ་པ་གནའ་བོའི་ཕྱྭ་གཡང་སྐོར་གྱི་གཞུང་མང་པོ་ལས་གསལ་བོར་མཐོང་ཐུབ་པ་རེད།   
             སྤྱིར་གཡང་དང་འབྲེལ་བའི་མིང་བརྡ་ལ་ཁ་གཡང་དང་མི་གཡང་། ནོར་གཡང་། རྟ་གཡང་། འབྲུ་གཡང་། ཆོས་གཡང་།  ཚེ་གཡང་།  གཡང་མདའ།  གཡང་སྒྱེ།  གཡང་གཞི།  གཡང་འགུགས།  གཡང་འཁྱིལ།  གཡང་ཆགས།  གཡང་འཁོར།  གཡང་སྒྲུབ།  གཡང་སྐྱབས།  གཡང་འབུམ།   གཡང་ར་བ་སྒོ་བཞི་སོགས་མང་པོ་ཡོད་ཅིང་།  གཡང་ཞེས་པ་འདི་ལ་རྟག་ཏུ་ཕྱྭ་གཡང་ཞེས་ཀྱང་ཟེར་ཞིང་དེ་ནི་བོད་ཀྱི་གནའ་བོའི་མིང་བརྡ་ཞིག་ཡིན་པར་མ་ཟད།     བོད་ཀྱི་གདོད་མའི་ཆོས་ལུགས་དང་དམངས་ཁྲོད་དད་མོས་ཐད་ཀྱི་ནང་དོན་ཤིན་ཏུ་རྒྱ་ཆེ་བའི་དད་མོས་སྣང་ཚུལ་ཞིག་ཀྱང་ཡིན།   གཡང་ཞེས་པ་འདི་ད་ལྟ་ཚེ་བསོད། དཔལ་འབྱོར། མངའ་ཐང་། སྙན་གྲགས་སོགས་འཇིག་རྟེན་གྱི་ཕན་བདེ་དང་དགེ་མཚན་ཐད་ཀྱི་ཁྱབ་ཆེ་བའི་གོ་དོན་ཅན་གྱི་མིང་བརྡ་ཞིག་ཡིན་མོད། ང་ཚོས་《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་》ལས་“མི་ལ་ཕྱྭ་མེད་ན་ཚ་མང་།། ནོར་ལ་གཡང་མེད་གོད་ཁ་སྡང་།།”ཞེས་དང་།   《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས།  “སྐད་ཀྱི་གཅོང་དགུ་ནི་གཡུ་འབྲུག་ངར་སྐད་ལྷ་གསས་དཔུང་ཚོགས་བསྡུ།།  ཁྱུང་མོའི་འཚེར་སྐད་དྲག་པོའི་ལྷ་ཚོགས་བདར།། ངང་མོ་བུ་སྟོར་སྐད་ཀྱིས་མིའི་ཕྱྭ་བླན།། རྨ་བྱའི་སྒྲོ་སྐད་ཕྱུགས་ཀྱི་གཡང་འགུགས་བྱེད།།”⑽ཅེས་ཕྱྭ་དང་གཡང་ནི་ཐ་དད་པའི་ཚུལ་ཡང་གསལ་པོར་བསྟན་ཡོད་པ་རེད།    དེ་མིན་《ཞལ་འདོན་ཉེར་མཁོ་ཕྱོགས་བསྒྲིགས་》ཞེས་པ་ལས་“མི་རྣམས་ཀུན་གྱི་ཕྱྭ་ལོངས་ལས།།   ཕྱུགས་རྣམས་ཀུན་ལ་གཡང་ཁུགས་སོ།།”ཞེས་དང་།   ཡང་《མདའ་དང་འཕང་》(སྟོད་)ལས་“གཡང་ཞེས་བྱ་བའི་ཚིག་གི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་བོའི་དོན་ལགས།”⑾ཞེས་བསྟན་ཡོད་པ་འདི་དག་གོ་བསྡུར་ཏེ་དཔྱད་ན།  གཡང་ཞེས་པ་ནི་གཙོ་བོ་རྒྱུ་ནོར་གྱི་འཕེལ་སྟོབས་དང་འབྲུ་རིགས་ཀྱི་སྐྱེ་སྟོབས་སོགས་འཕེལ་རྒྱས་ཀྱི་ཆ་ལ་ཚོད་འཛིན་ནམ་སྐུལ་འདེད་བྱེད་པའི་འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་ཤིག་ལ་ངོས་འཛིན་པ་དང་།   དེ་ལྟ་བུའི་སྟོབས་ཤུགས་སམ་མི་མ་ཡིན་གྱི་ནུས་མཐུ་དེ་མཐར་གཏུགས་ན་སྣང་སྲིད་བླར་འཛིན་འདུ་ཤེས་ཀྱི་སྣང་ཚུལ་ཞིག་ཡིན་པར་གདོན་མི་ཟ་ལ། གཡང་ཞེས་པ་འདི་ཡང་གདོད་མའི་དུས་སུ་སྐྱེ་འཕེལ་གྱི་ནུས་པ་ལ་དད་མོས་བྱེད་པའི་འདུ་ཤེས་ལས་བྱུང་ཞིང་།  མཐར་ཐུག་གི་གཞི་དོན་ནི་མང་དུ་འཕེལ་བ་དང་སྐྱེ་འཕེལ་གྱི་ནུས་པ་གཞན་ལས་ལྷག་པའི་ཆོས་ཤིག་ལ་འཇུག་པ་ཡིན་ཏེ། མདོའི་ཡུལ་སྐད་ཁྲོད་དུ་ད་དུང་ཡང་གཡང་ནི་མང་བའམ་མང་དུ་འཕེལ་བའི་དོན་ལ་འཇུག་པ་མངོན་སུམ་དུ་གྲུབ་པ་རེད།   
             གཉིས།   གཡང་འགུགས་ཀྱི་ཆོ་ག   གཡང་འགུགས་ལ་བོན་གཞུང་རྣམས་སུ་གཡང་བླན་ནམ་གཡང་ལྡོན་དང་དམངས་ཁྲོད་དུ་གཡང་འབོད་ཟེར་ཞིང་། དེ་ནི་བོད་ཀྱི་གདོད་མའི་དད་མོས་ཀྱི་སྣང་ཚུལ་ཤིན་ཏུ་གལ་ཆེན་ཞིག་དང་འཛམ་གླིང་ཡོངས་ཁྱབ་རང་བཞིན་ལྡན་པའི་གནའ་བོའི་མཐུ་རྩལ་གྱི་ཆོ་ག་ཞིག་ཀྱང་ཡིན། 《པདྨ་བཀའ་ཐང་》ལས་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ་བོན་བསྣུབས་པའི་སྐོར་བཤད་པའི་སྐབས་སུ་“འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོན།།   ཤྭ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དང་།།  གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུག།  ལྷ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབས།།”⑿ཞེས་བཀོད་ཡོད་པ་འདི་དག་ལས་ཀྱང་བོད་ཀྱི་གཡང་འགུགས་ཆོ་ག་ནི་གདོད་མ་ནས་རྒྱུན་མ་ཆད་པར་བརྒྱུད་དེ་འོངས་པའི་གནའ་བོའི་ཆོ་ག་ཞིག་ཡིན་པར་ངེས་ཤེས་རྙེད་ཐུབ་ལ།  གནའ་བོའི་ཕྱྭ་གཡང་སྐོར་གསུམ་སྟེ་བསང་དང་ཚན་ཁྲུས་གཡང་ཆོག་གསུམ་ནི་བོན་གཞུང་གི་རྩ་བའི་ཆོ་ག་གསུམ་ཡིན་པས་ན། གཡང་འགུགས་ཀྱི་ཆོ་ག་ནི་བོད་ཀྱི་དམངས་ཁྲོད་དད་མོས་ཁྲོད་ཀྱི་ཆོ་ག་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་ཡང་ངང་གིས་རྟོགས་ཐུབ་པ་རེད། 
གཉིས་པ། གཡང་འགུགས་ཀྱི་ཆོ་གའི་སྒྲུབ་རིམ་སྐོར་བཤད་པ།  
             གཡང་འགུགས་ཀྱི་ཆོ་ག་འདི་ལ་བོན་གཞུང་དུ་གཡང་བླན་དང་གཡང་ལྡོན་ཟེར་ཞིང་།  བླན་ཞེས་པ་ནི་ཚུར་འགུགས་པའི་བརྡ་རྙིང་ཡིན་ཞིང་། དེ་ནང་དུ་ཕྱོགས་པ་དང་ཁ་དྲངས་པ་སོགས་ཀྱི་དོན་ལ་ཡང་འཇུག་པ་རེད།  བོད་ཀྱི་གྲུབ་མཐའ་དང་ཡུལ་དུས་ཀྱི་དབང་གིས་ཆོ་གའི་ནང་དོན་དང་འགྲོས་རིམ་སོགས་ཀྱི་ཐད་བྱེ་བྲག་གི་ཁྱད་པར་ཡང་ཡོད་ཅིང་། བོན་ལུགས་ཀྱི་གཡང་འགུགས་ཆོ་ག་ནི་བོད་གདོད་མའི་ཕྱྭ་གཡང་རིག་གནས་ཀྱི་འབྱུང་ཁུངས་དང་འཕེལ་འགྱུར་གྱི་རྣམ་པ་སོགས་ལ་ཕྱོགས་ཡོངས་ནས་འཚོལ་རྟོག་བྱེད་པར་དོན་སྙིང་ཆེན་པོ་ཡོད་པར་མཐོང་ནས་འདིར་ཐོག་མར་བོན་ལུགས་ཀྱི་གཡང་བླན་ནམ་གཡང་འགུགས་ཀྱི་ཆོ་ག་དེའི་སྒྲུབ་སྟངས་ཀྱི་གོ་རིམ་འཆད་པར་བྱ་སྟེ།   
གཅིག  བོན་ལུགས་ཀྱི་གཡང་འགུགས་ཆོ་ག  གཡང་འགུགས་སམ་གཡང་བླན་ནི་བོན་གྱི་ཐེག་པ་རིམ་དགུ་ལས་ཕྱྭ་གཤེན་ཐེག་པའི་ཁོངས་སུ་གཏོགས་ཤིང་།  བོན་ལུགས་ཀྱི་ཆོ་ག་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས་དེ་ལ་རྣམ་རྒྱལ་གཡང་སྒྲུབ་དང་རྨ་རྒྱལ་སྦོམ་རའི་གཡང་སྒྲུབ། གསེར་འོད་འབར་བའི་གཡང་སྒྲུབ་སོགས་ཆོ་གའི་གཞུང་མང་པོ་ཡོད་ཅིང་།   ཡོངས་གྲགས་ཀྱི་གཡང་འགུགས་ཆོ་གའི་འགྲོས་རིམ་གཙོ་བོ་ལ་གཤམ་གྱི་ཕྱོགས་འགའ་ཡོད་དེ།   
             1 .གཡང་རྟེན་འཛུགས་པ།   
             གཡང་རྟེན་ལ་གཡང་སྒྱེ་དང་གཡང་སྒམ་གང་རུང་ངེས་པར་དགོས་ཤིང་།  གཡང་བླན་གྱི་གཞུང་ལས་བསྟན་པའི་མཆོད་རྫས་ནི།  ཉི་ཟླ་ནོར་བུ་རིན་པོ་ཆེ།།  ཕྱྭ་ཚེ་གཡང་ཐག་གཡང་རྟེན་དང་།།    དམུ་ཞག་འཁོར་དགུ།  དམུ་ཡད་ཐེབ་དགུ། དམུ་སྐས་ཐེམ་དགུ། དེ་ནས་རང་གི་ཕ་མེས་ནས་བརྒྱུད་པའི་རྒྱུ་ནོར་རྩ་ཆེན་གང་ཡོད་གཙོས་བཀྲ་ཤིས་རྫས་བརྒྱད་སོགས་ཉེར་མཁོའི་མཆོད་རྫས་སྣ་ཚོགས་གཞི་ལ་བཀོད།  སྡེ་བཞི་ཟུང་བཞི་ཡ་བརྒྱད་སོགས་ཕྱྭ་གཡང་གི་ལྷའི་ཙཀླི་བཤམས། ཁྱད་པར་དུ་དར་ཚོན་སྣ་ལྔས་བརྒྱན་པའི་གཡང་མདའ་འཛུགས་དགོས་ལ། གཞན་ཡང་གཡང་འགུགས་ཀྱི་ཆོ་གའི་གཞུང་ལས་བྱུང་བའི་དགོས་ངེས་ཀྱི་རྫས་ཆས་རྣམས་ཅི་འཛོམས་བསགས་ཏེ་སྟ་གོན་གྱི་རིམ་པ་ཚགས་སུ་ཆུད་རྗེས་ཚེས་བཟང་གཡང་སྐར་གྱི་ཉིན་མོ་བདམས་ནས་ཆོ་ག་དངོས་སུ་བསྒྲུབ་པ་ཡིན།  
             2.གཡང་བླན་གྱི་དངོས་གཞི།  
             དེ་ནི་གོང་གི་བཅའ་གཞིའི་སྟ་གོན་གྱི་རིམ་པ་དེ་ཡོངས་སུ་གྲུབ་རྗེས་ཆོ་ག་སྒྲུབ་མཁན་གྱིས་ལག་གཡས་པས་མདའ་དར་གྱི་མདེའུ་གོང་ནས་བཟུང་སྟེ་ཕྱོགས་བཞི་མཚམས་བརྒྱད་ལ་སྐོར་ཞིང་གཡོ་བཞིན་དུ་དལ་ལ་སྙན་པའི་གདངས་དབྱངས་ཀྱི་ལམ་ནས་གཡང་བླན་གྱི་ཚིག་གྱེར་འདོན་བྱེད་པ་ཡིན་ཏེ། དཔེར་ན། ཁུ་ཡེ་ཕྱྭ་དང་རྨ་གཡང་བླན།། སྲིད་པ་སྐོས་རྗེའི་གཙུག་གཡང་བླན།། དང་པོ་གཡང་བབ་དབྱིངས་ནས་བབས།།   ཡུམ་ཆེན་བ་གའི་ཀློང་ནས་བབས།། དམུ་ཐག་གཡང་ཐག་དགུང་དུ་འབྲེལ།། གནམ་གྱི་འཇུ་ཐག་དེ་ལ་བྱས།།  ནམ་མཁའ་ལྟ་བུ་ཀུན་ལ་ཁྱབ།། གཡང་བདག་སྡེ་དགུའི་ཕྱུག་གཡང་དང་།། འཛམ་གླིང་ཡུལ་བརྒྱད་ཕྱྭ་གཡང་།།    རྒྱ་གར་གཙུག་ལག་ཆོས་གཡང་།། རྒྱ་ནག་གཏན་གྱི་ཁྲིམས་གཡང་།། སྟག་གཟིག་དཀོར་ནོར་མཛོད་གཡང་།།    ཞང་ཞུང་བོན་གྱི་མཐུ་གཡང་།། གེ་སར་དམག་གི་མི་གཡང་།། ཟ་ཧོར་གྲུ་གུའི་རྟ་གཡང་།།  བྲུ་ཤ་ཁ་ཆེའི་སྨན་གཡང་།།  བལ་མོན་བོད་ཀྱི་གཏེར་གཡང་།།  ལྷ་མོ་སྡེ་ལྔའི་ཟས་གཡང་།།  གཡང་བདག་སྡེ་ལྔའི་འཕེལ་གཡང་།།  ཁེ་བྱེད་མགྲོན་པོའི་ཚོང་གཡང་།།  གཞི་འདུག་མི་ནོར་འཕེལ་གཡང་།།  རླུང་ཁ་བཟང་པོའི་སྙན་གཡང་།།    ཅི་བྱེད་ལེགས་པའི་བཟང་གཡང་།།  ཅི་སྨྲ་འགྲུབ་པའི་སྨོན་གཡང་།།  ཅི་བསམ་འགྲུབ་པའི་དོན་གཡང་སོགས་ཁུག་ཅིག།  ཅེས་བརྗོད་དེ་མཐར་སྒྲུབ་པ་པོ་བདག་ཅག་འཁོར་དང་བཅས་པ་ལ་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ།  འཆི་མེད་ཚེ་ཡི་དངོས་གྲུབ།    ཟང་ཟིང་ནོར་གྱི་དངོས་གྲུབ། འདོད་པ་ལྔ་ཡི་དངོས་གྲུབ།   ཚོགས་དྲུག་ཡིད་ཀྱི་དངོས་གྲུབ། འདོད་ཡོན་རྒྱན་གྱི་དངོས་གྲུབ། རིན་ཆེན་གཏེར་གྱི་དངོས་གྲུབ། སྣ་ཚོགས་འབྲུ་ཡི་དངོས་གྲུབ། ཕུན་སུམ་ཚོགས་པའི་དངོས་གྲུབ།   ཡོད་དགུ་ཡོངས་སུ་སྩོལ་ཅིག། ལོངས་སྤྱོད་ལྷ་དང་མཉམ་པར་ཤོག།  ཟང་ཟིང་ཚོགས་སུ་འགྲོ་བར་ཤོག། ཐར་བའི་གོ་འཕང་ཐོབ་པར་ཤོག། ཅེས་བསམ་དོན་ཡིད་བཞིན་འགྲུབ་པའི་བདེན་ཚིག་བརྗོད་ཅིང་།  མཐར་གཡང་སྐོར་ཞེས་གཡང་མདའ་ཕྱོགས་བཞི་ལ་སྐོར་བཞིན་ཕྱྭ་སྐོར་སྒ་ར་ར། གཡང་སྐོར་ཀྱི་ལི་ལི། ཕྱྭ་འབེབས་མ་ཆུང་ཞིག གཡང་འབེབས་མ་ཞན་ཞིག ཅེས་སོགས་བརྗོད་དེ་ཕྱྭ་གཡང་འགུགས་པའི་ཆོ་གའི་དངོས་གཞི་དེ་མཇུག་བསྒྲིལ་བ་ཡིན།  
             3.གཡང་གཏད་པའི་རིམ་པ།  
             དེ་ནི་ཚངས་པ་གཏི་མུག་དང་། ཕྱོགས་སྐྱོང་བགེགས། ཀླུ་ཆེན་གཉན། ནོར་འཕྲོག་གདོན། སྡང་བྱེད་དགྲ། ཙང་ཀུན་གདོན་སོགས་ཀྱི་གཡང་མི་གཏད་པར་ཡོན་བདག་འཁོར་དང་བཅས་པ་ལ་གཡང་འདི་གཏད་པ་ཡིན།  ཞེས་བཀྲ་ཤིས་པའི་ཕྱེ་མར་གཏོར་ཞིང་། གཡང་རྟེན་དཀོར་ཆ་སྣ་དགུ་དང་།  གཡང་ཆང་བདུད་རྩི་འཁྱིལ་བ།  གཡང་རྟེན་གསེར་ཉ་གཡུ་སྦྲུལ་སོགས་གང་བཤམས་ཀྱི་གཡང་རྟེན་རྣམས་ཡོན་བདག་གི་ཕྱག་ཏུ་གཏད་དེ།   བཀྲ་ཤིས་པའི་ཁ་གཡང་སྣ་ཚོགས་བརྗོད་མཐར་གཡང་ཁང་ངམ་གཡང་སྒམ་སོགས་ཀྱི་ནང་དུ་བཅུགས་རྗེས་གཡང་སྒོ་བསྡམས་ཏེ་མི་འགྱུར་གཡུང་དྲུང་གི་རྒྱས་བཏབ་ནས་བཀྲ་ཤིས་སྨོན་ལམ་གྱིས་མཇུག་གྲུབ་པར་བགྱི་བའོ།།   
             གཉིས། དམངས་ཁྲོད་ཀྱི་གཡང་འགུགས་ཆོ་ག་བཤད་པ།  སྤྱིར་དམངས་ཁྲོད་དུ་གཡང་འགུགས་ཀྱི་ཆོ་ག་དེ་ནི་གཉེན་སྟོན་དང་འགྲུབ་སྟོན་སོགས་དམངས་ཁྲོད་ཀྱི་མཛད་སྒོ་སྣ་ཚོགས་ཀྱི་ཡན་ལག་གི་ཆོ་ག་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་དམངས་ཁྲོད་དད་མོས་ཀྱི་ཆོ་ག་ཤིན་ཏུ་གལ་ཆེན་ཞིག་ཡིན། བོད་ཀྱི་གཉེན་སྲོལ་ཁྲོད་ཀྱི་གཡང་འགུགས་ཀྱི་ཆོ་གའི་སྐོར་ནི་《མདོ་དྲི་མེད་གཟི་བརྗིད་》ལས་གཤེན་བཟའ་ནེའུ་ཆུང་མ་བདུད་ཀྱིས་འཕྲོག་ནས་ཆུང་མར་བསུས་པའི་སྐོར་གྱི་གཏམ་རྒྱུད་དུ་“དེ་ནས་བདུད་རྗེ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་།  བདུད་བོན་ཆུ་ལྕགས་མྱུར་དུ་སྤྱན་དྲངས་ནས།    བུ་མོ་གཤེན་བཟའ་ནེའུ་ཆུང་ལ་སྣ་ནི་བླན་ནོ། བདུད་ནི་བཅད་དོ། སྲི་ནི་མནན་ནོ། བྱུར་ནི་ཕུད་དོ། ལྷ་ནི་མཆོད་དོ། དཔལ་ནི་སྐྱབས་སོ།  ཚེ་གཡང་གི་དམུ་དག་ནི་བཏགས་སོ།”⒀ཞེས་པ་ལས་ཀྱང་རྟོགས་ཐུབ་ལ། བོད་ཀྱི་ཡུལ་གྲུ་སོ་སོའི་གཡང་འགུགས་ཀྱི་ཆོ་ག་དེ་ཆོག་རབས་དང་བརྒྱུད་པ་མི་འདྲ་བའི་དབང་གིས་རྣམ་པའི་ཐད་ཁྱད་པར་ཅུང་ཟད་རེ་ཡོད་ནའང་ཆོ་ག་སྤྱིའི་སྒྲུབ་ཚུལ་གྱི་འགྲོས་རིམ་ནི་ཕལ་ཆེར་གཅིག་པར་སྣང་ཞིང་།   ཆོ་ག་དེ་ངེས་པར་དུ་ཕྱག་ལེན་བརྒྱུད་ལྡན་གྱི་བན་སྔགས་ཤིག་གིས་ཆོ་གའི་གཞུང་ལྟར་བསྒྲུབ་དགོས་པ་རེད། མདོ་སྨད་ཀྱི་ཡུལ་གྲུ་མང་པོར་དེ་ལ་གཡང་འབོད་ཅེས་ཀྱང་ཟེར།   འདིར་ཁོ་བོས་བོད་མདོ་སྨད་ཕྱོགས་ཀྱི་གཡང་འབོད་ཀྱི་ཆོ་ག་སྒྲུབ་ཚུལ་སྐོར་འཆད་པ་ལ་             གསུམ་སྟེ།   
             1. གཡང་རྟེན་བཅའ་གཞིའི་རིམ་པ།   
             དེ་ནི་《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་》ཅེས་པ་དེ་ལས་“དང་པོ་ཕྱྭའི་འབྲང་རྒྱས་ནི། རྩ་བ་ཟླུམ་པོ་གྲུ་བཞིའི་ཁར།    གྲུ་བཞི་མཁར་ཐབས་ཉི་ཐོག་སྟེང་དུ་རིན་ཆེན་འབར་བ་བྱ།   མཁར་ཐབས་འོག་མ་གྲུ་བཞི་བཞིས་སྐོར།  རྩེ་ལ་ཉི་ཟླ་རིན་ཆེན་འབར་བས་མཚོན།”⒁ཞེས་པ་དང་འདྲ་བར།   མཆོད་དཔོན་གྱིས་གཞོང་བའི་ནང་འབྲུ་ཡི་ཚོམ་བུ་ལྔ་བཀོད་པའི་སྟེང་དུ་ཟན་ལས་བྱས་པའི་རྒྱ་དཔངས་གྲུ་བཞི་གཟུགས་ཕྱོགས་བཞིར་སྒོ་བཞི་ཡོད་པའི་མདུན་ཕྱོགས་སུ་རྟ་ལྗང་ཁུ།  གཡས་ཕྱོགས་སུ་ལུག་དཀར་པོ། གཡོན་ཕྱོགས་སུ་ར་དམར་པོ། རྒྱབ་ཕྱོགས་སུ་གཡག་ནག་པོ་བཅས་སྒོ་ཕྱུགས་བཞིའི་མགོ་བརྙན་བཀོད་པ་འདི་ལ་གཡང་རྭ་བ་སྒོ་བཞི་ཟེར་ཞིང་དེ་ནི་གཡང་རྟེན་ཡིན།  དེའི་སྟེང་དུ་ཟན་ལེབ་གྲུ་བཞི་བང་རིམ་བཞི་བརྩེགས་ཀྱི་སྟེང་དུ་ཡང་ཟན་ལས་བྱས་པའི་མཁར་ཐབས་ཞེས་ཕོ་བྲང་གི་གཟུགས་འཇོག་པ་སྟེ།  དེ་ནི་གཡང་འགུགས་སའི་ཁྱིམ་གཞིའི་མཚོན་བྱེད་ཡིན།  དེའི་སྟེང་དུ་འབྲང་རྒྱས་གཏོར་མའི་རྩེར་མར་དཀར་གྱི་ཉི་ཟླས་བརྒྱན་པ་བཀོད།   སྲོག་ཆགས་བཞིའི་གཟུགས་ལས་གཞན་བཅའ་གཞི་ཧྲིལ་བོར་འབྲི་མོག་བྱུགས་ཏེ་དམར་པོར་བསྒྱུར་རྗེས་དེའི་བང་རིམ་སོ་སོའི་སྟེང་དུ་མར་གྱི་དུང་ཕྲེང་དང་གྲུ་ཟུར་ཐམས་ཅད་མར་སྐུད་ཀྱིས་བརྒྱན་ཏེ་མཛེས་པར་བྱས་རྗེས་བྱིན་རླབས་བརྒྱབ་སྟེ་ཁྱིམ་གྱི་ཕུག་ཏུ་འཇོག་པ་ཡིན།  གཡང་རྟེན་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་གཡང་ཐམས་ཅད་བཀུགས་ཏེ་བསྟིམ་པའི་གཞི་ཡིན།  
              གཡང་འགུགས་ཀྱི་ཆོ་གའི་ཁྲོད་མེད་དུ་མི་རུང་བའི་ལྷ་ཆས་ནི་དར་ཚོན་སྣ་ལྔས་བརྒྱན་པའི་གཡང་མདའ་དང་སིལ་སྙན་གཉིས་ཡིན་ལ།   གཡང་མདའ་ནི་《མིང་སྲིང་དཔལ་བགོས་དང་ལྷ་འདོགས་》ཞེས་པའི་བོད་ཀྱི་གནའ་བོའི་གཉེན་སྲོལ་གྱི་ཆོ་གའི་གཞུང་ལས་“མདའ་ལ་ཡོན་(ཏན་)བསམ་མི་ཁྱབ།།   མདའ་མོ་དར་གྱིས་བརྒྱན་པ་འདི།།  མོ་སྲིད་ཕོ་རུ་འཕེལ་བ་ཡིན།།  མདའ་སྟོང་གནམ་ལ་བསྟན་པ་འདི།།    ཁ་རྗེ་དགུང་དང་མཉམ་པ་ཡིན།། སྨྱུག་མ་ཚིགས་གསུམ་ཡོད་པ་འདི།།  ལུས་ངག་ཡིད་དང་གསུམ་པོའི་དོན།།  མདེའུ་ལྕགས་ལ་བྱས་པ་འདི།།  འདྲེ་གདོན་སྙིང་ལ་རྒྱག་པ་ཡིན།།  གྲུམ་པའི་རི་མོ་བཏགས་པ་འདི།།    མི་ཁ་འགོང་བོ་ཐུབ་པ་ཡིན།།”⒂ཞེས་པ་ལྟར།   སྨྱུག་མ་ཚིགས་གསུམ་ཅན་ལས་བཟོས་པའི་མདའི་ལྟོང་གི་འགྲམ་དུ་ཚོན་མདོག་སྣ་ཚོགས་ལྡན་པའི་དར་གོས་དང་ལུག་བལ་གྱི་ཚོམ་བུས་བརྒྱན་ཡོད་ལ།   དེ་ལ་ཡུལ་གྲུ་སོ་སོའི་གཡང་མདའི་བཟོ་ཚུལ་ཐད་མི་འདྲ་བའི་ཁྱད་པར་ཡང་ཡོད།  གོང་སྨོས་ནི་ངེས་པར་དུ་འཛོམས་དགོས་པའི་ཡོ་བྱད་དག་ཡིན་པར་བརྗོད།  
             2.དངོས་གཞི་གཡང་འབོད་ཀྱི་རིམ་པ།   
             དེ་ལ་མདོ་སྨད་ཕྱོགས་ཀྱི་དམངས་ཁྲོད་དུ་ཕལ་ཆེར་《པདྨ་གཡང་འབུམ་》ཞེས་པ་དེ་གཞིར་བཟུང་ནས་གཡང་འགུགས་ཀྱི་ཆོ་ག་བསྒྲུབ་པ་ཡིན་ལ། གལ་ཏེ་གཞིའི་རིམ་གྲོའི་ཆེད་དུ་གཡང་འགུགས་བྱེད་པ་ཡིན་ན་《གསེར་འོད་གཡང་སྐྱབས་》ཞེས་པ་དེ་ལ་བརྟེན་ནས་གཡང་འགུགས་བྱེད་པ་ཡིན།   གཡང་འགུགས་ཀྱི་ཆོ་ག་བསྡུས་པའི་ཚུལ་དུ་《ནོར་བདག་ཛམ་ལྷའི་གཡང་འབོད་》ལ་བརྟེན་ནས་བསྒྲུབས་ཀྱང་ཆོག་པ་རེད།   
             གཡང་འགུགས་ཀྱི་ཆོ་ག་དངོས་ནི་“བཀྲ་ཤིས་ཕྱྭ་ཆ་གཡང་རྟེན་དང་།།  ཡིད་འོང་མཆོད་པ་རྒྱ་ཆེར་བཤམས།། ལྷ་སྔགས་ཏིང་འཛིན་གཟི་བྱིན་བསྐྱེད།།    མདའ་དར་གཡབ་ཅིང་འདི་སྐད་བསྐུལ།།”ཞེས་པ་ལྟར་སྐྱབས་འགྲོ་སེམས་བསྐྱེད་དང་ཡི་དམ་གྱི་མངོན་རྟོགས་སྒོམ་པ་རྣམས་སྔོན་དུ་བཏང་ནས།   སིལ་སྙན་དཀྲོལ་ཞིང་མདའ་དར་གཡོ་བཞིན་“ཀྱེ། ཕུན་ཚོགས་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར།།  འདོད་པའི་མཆོག་སྟེར་ཕྱྭ་དང་གཡང་གི་ཚོགས།།    ཁབ་ལེན་རྡོ་དང་ལྕགས་ཀྱི་ངང་ཚུལ་བཞིན།། དགའ་བའི་གར་དང་བཅས་ཏེ་ཐོགས་མེད་ཁུག།”ཅེས་སོགས་སྤྱན་འདྲེན་དང་འབྲེལ་ནས་གཡང་འགུགས་དངོས་ལ་འཇུག་པ་སྟེ་“སྟེང་ཕྱོགས་ལྷ་ཡི་ཚེ་གཡང་ཁུག།   འོག་ཕྱོགས་ཀླུ་ཡི་ནོར་གཡང་ཁུག། བར་ཕྱོགས་མི་ཡི་བུ་གཡང་ཁུག།   འཇིག་རྟེན་ཁམས་ཀྱི་ཟས་གཡང་ཁུག།   ལུས་འཕགས་ཡུལ་གྱི་ལུས་གཡང་ཁུག།  འཛམ་བུ་གླིང་གི་ཆོས་གཡང་ཁུག། བ་ལང་སྤྱོད་ཀྱི་ནོར་གཡང་ཁུག། སྒྲ་མི་སྙན་གྱི་ཚེ་གཡང་ཁུག།   རྒྱ་གར་རྒྱལ་པོའི་འབྲས་གཡང་ཁུག། འབྲོག་པ་རྣམས་ཀྱི་མར་གཡང་ཁུག།  བཀྲ་ཤིས་རྫས་བརྒྱད་ཕྱྭ་གཡང་ཁུག།  གཡང་རྣམས་གཅིག་ཀྱང་མ་ལུས་པ།། སྟེང་འོག་ཕྱོགས་མཚམས་ཀུན་ནས་འོངས།། གཡང་རྟེན་འདི་དག་ཐམས་ཅད་ལ།། ཐིམས་ནས་གཉིས་སུ་མེད་པར་གྱུར།། གཡང་ཀུན་འཕེལ་ནས་ཕྱི་ནང་གང་།། གཡས་གཡོན་ཁྱིམ་མཚེའི་ནང་དུ་སོང་།། ས་ཆ་ཡུལ་ཕྱོགས་ཐམས་ཅད་ལ།། བཀྲ་ཤིས་གཡང་རྣམས་འཁྱིལ་བར་ཤོག། ཀི་ཀི་བསྭོ་ཆའོ་ལྷ་རྒྱལ་ལོ་”ཞེས་པ་ལྟ་བུ་སྟེ། གཡང་འགུགས་ཀྱི་དངོས་གཞི་རྫོགས་མཚམས་སུ་“རྨོངས་པའི་དབང་གིས་འཕྲིན་ལས་འཁྲུལ་བར་གྱེར།།   མཆོད་པའི་དམ་རྫས་མ་ཚང་འབགས་པ་སོགས།།  ཉེས་པའི་ཆོགས་ཀུན་སྙིང་ནས་བཤགས་བྱེད་ན།།   བཟོད་པར་བཞེས་ཤིག་ཐུགས་རྗེ་ཆེ་ལྡན་རྣམས།།”ཞེས་བཟོད་གསོལ་དང་།  དེ་ནས་གཤེགས་གསོལ་སྟེ་“ཆུ་ལས་ཆུ་བུར་བརྡོལ་བ་ཇི་བཞིན་དུ།།  རིག་པའི་རྩལ་གྱིས་མགྲོན་དུ་བསུས་པ་རྣམས།།  ངོ་བོ་གདོད་ནས་སྐྱེ་བ་མེད་པའི་ཀློང་།།   རྣམ་པ་རང་རང་སོ་སོའི་གནས་སུ་གཤེགས།།”ཞེས་བརྗོད་དེ་མཐར་བཀྲ་ཤིས་པའི་སྨོན་ཚིག་མང་པོ་དང་བཅས་ཆོ་ག་ཡོངས་སུ་མཇུག་བསྡུ་བ་ཡིན་ལ། དེ་ནས་ཟན་ལས་བྱས་པའི་བཅའ་གཞིའི་སྐོར་བསང་ལ་འཕུད་པ་དང་གཡང་མདའ་གཞི་རུ་བཞག་ནས་གཏན་དུ་ཉར་ཚགས་བྱེད་པ་ཡིན།
             གསུམ། གཡང་འགུགས་སྐོར་གྱི་འཛེམ་བྱ།   
             གཡང་འགུགས་ཀྱི་ཆོ་ག་ནི་འབྱུང་ཁུངས་ཀྱི་ཆ་ནས་གདོད་མ་སྐྱེད་སྤེལ་མཐུ་རྩལ་(丰产巫术)གྱི་ཆོ་གའི་རྨང་གཞིའི་སྟེང་འཕེལ་ནས་བྱུང་བ་ཡིན་པར་ངེས་ཤིང་། དེ་ནི་འཛམ་གླིང་རང་བཞིན་གྱི་གདོད་མའི་ཆོ་ག་ཞིག་ཡིན་པས།  འཛམ་གླིང་གི་ས་ཁུལ་དང་མི་རིགས་མང་པོའི་ཁྲོད་ཡོངས་ཁྱབ་ཏུ་དར་ཡོད། དེ་བས། དབྱིན་ཇིའི་མིའི་རིགས་རིག་པ་བ་ཆེན་མོ་ཧྥོ་ལིས་ཙི་(弗雷泽)ལགས་གྱིས་“མཐུ་རྩལ་གྱི་ཆོ་གའི་ནུས་པ་ལ་ཡིད་ཆེས་དང་དད་མོས་བྱེད་པ་ནི་འཛམ་གླིང་ཡོངས་ཁྱབ་རང་བཞིན་གྱི་དད་མོས་སྣང་ཚུལ་ཞིག་རེད་”ཅེས་གསུངས་ཤིང་།  ཁོང་གིས་མིའི་རིགས་ཀྱི་ཤེས་རིག་གི་འཕེལ་རིམ་དེ་དུས་རིམ་གསུམ་དུ་ཕྱེ་སྟེ་ཐོག་མར་མཐུ་རྩལ་གྱི་རྣམ་པ་དང་དེ་ནས་ཆོས་ལུགས་ཀྱི་རྣམ་པ།  མཐར་ཚན་རིག་གི་དུས་རིམ་བཅས་ཡིན་པར་བསྟན་པ་དང་།  མཐུ་རྩལ་གྱི་རྣམ་པ་ནི་མིའི་རིགས་ཀྱི་ཤེས་རིག་གི་ཆེས་ཐོག་མའི་རྣམ་པ་དེ་ཡིན་ཞིང་།   དེའི་ཁྱད་ཆོས་གཙོ་བོ་ནི་གདོད་མའི་སྤྱི་ཚོགས་སུ་མི་རྣམས་ཀྱིས་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་དང་བྱ་དངོས་ཀྱི་ནུས་མཐུ་ཀུན་ལ་ཚོད་འཛིན་དང་དབང་བཀོད་བྱས་ཏེ་རང་ཉིད་ཀྱི་འདོད་དོན་སྒྲུབ་པ་དམིགས་ཡུལ་དུ་བྱེད་པ་ཡིན་ལ། མཐུ་རྩལ་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་ཏེ། དེ་ནི་མིའི་རིགས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་ལ་དབང་བཀོད་བྱེད་པའི་སྙིང་སྟོབས་ཡོངས་སུ་མཚོན་པའི་ཤེས་རིག་གི་སྣང་ཚུལ་ཞིག་ཡིན་པར་བརྗོད་ཅིང་།  དེ་ལ་མིའི་རིགས་རིག་པ་བས་ཚན་རིག་གི་མཚེ་གཟུགས་ཞེས་ཀྱང་བརྗོད་ལ།  མིའི་རིགས་རིག་པའི་ལུགས་ལྟར་ན་མཐུ་རྩལ་ནི་གཉུག་མའི་ཆོས་ལུགས་ཀྱི་རྣམ་པ་ཞིག་གམ་ཆོས་ལུགས་ཀྱི་འབྱུང་ཁུངས་ཤིག་ཡིན་པར་འདོད་པ་རེད། དེ་བས་ང་ཚོས་བོད་ཀྱི་གཡང་འགུགས་ཀྱི་ཆོ་ག་འདིར་མཐུ་རྩལ་རིག་གནས་ཀྱི་ངོས་ནས་དབྱེ་ཞིབ་བྱས་ཚེ་དེའི་མཐུ་རྩལ་གྱི་ངོ་བོ་དང་འཕེལ་འགྱུར་གྱི་རྣམ་པའི་ཁྱད་ཆོས་སོགས་ལ་རྟོག་དཔྱོད་དང་ངོས་འཛིན་བྱེད་པར་དོན་སྙིང་གལ་ཆེན་ཡོད་པར་འདོད།   
             བོད་ཀྱི་དམངས་ཁྲོད་གཡང་འགུགས་ཀྱི་ཆོ་ག་འདི་ནི་གདོད་མ་ནས་དར་ཞིང་རྒྱུད་འཛིན་བྱས་ཏེ་ད་ལྟའི་བར་ལག་ལེན་བྱེད་བཞིན་པའི་གནའ་བོའི་མཐུ་རྩལ་གྱི་སྐོར་དང་འབྲེལ་བའི་ཆོ་ག་ཤིན་ཏུ་གལ་ཆེན་ཞིག་ཡིན་པས།   འདས་པའི་ལོ་རྒྱུས་ཀྱི་དུས་རིམ་ཁྲོད་རིག་གནས་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་འཕེལ་འགྱུར་གྱི་དུས་རིམ་གསུམ་ཙམ་བྱུང་ཡོད།  
གཅིག གདོང་མའི་གཡང་འགུགས། དེ་ནི་སྐྱེད་སྤེལ་མཐུ་རྩལ་དངོས་ཀྱི་དུས་རིམ་དེ་ཡིན་ལ། གཉུག་མའི་སྐྱེ་འགྲོ་རྣམས་ཀྱིས་རང་ཉིད་ཀྱི་ཟས་ནོར་དང་མི་རྒྱུད་མང་དུ་འཕེལ་བའི་ཆེད་དུ་འཕེལ་སྟོབས་ཆེ་བའི་སྲོག་ཆགས་ཀྱི་འཕེལ་སྟོབས་དང་སྐྱེད་ནུས་ལ་མཐུ་རྩལ་གྱི་ཐབས་ཀྱིས་ཚོད་འཛིན་དང་དབང་བཀོད་བྱས་ཏེ་རང་ཉིད་ཀྱི་མི་ནོར་འཕེལ་བའི་ཐབས་སུ་བསྒྱུར་བའི་དད་མོས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན།   དེ་ནི་ཡ་ཐོག་རིང་མོ་ནས་བཟུང་འཛམ་གླིང་གི་གཉུག་མའི་རུས་རྒྱུད་དང་མི་རིགས་མང་པོས་སྲོག་ཆགས་འཕེལ་སྟོབས་ཅན་དང་རྩི་ཤིང་སྐྱེ་སྟོབས་ཅན་གྱི་སྐྱེ་འཕེལ་གྱི་ནུས་པའམ་དབང་བོ་ལ་དབང་བཀོད་བྱེད་པའི་ཐབས་ཀྱིས་མི་ནོར་སྤེལ་བའི་ཆོ་ག་ཞིག་ཡོངས་ཁྱབ་ཏུ་དར་ཡོད་པ་སྟེ། དཔེར་ན། འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་སྦལ་བ་དེ་རིགས་རྒྱུད་དང་རྒྱུ་ནོར་འཕེལ་བའི་ཐད་ནུས་པ་ཁྱད་པར་བ་ལྡན་པའི་སྲོག་ཆགས་ཤིག་ཏུ་བརྩིས་ཏེ་འབྲེལ་ཡོད་ཀྱི་ཆོ་ག་ཡང་སྣ་ཚོགས་ལག་ལེན་བྱེད་བཞིན་ཡོད་པ་དེ་ནི་སྐྱེད་སྤེལ་མཐུ་རྩལ་གྱི་མཚན་གཞི་གལ་ཆེན་ཞིག་ཡིན།  དབྱིན་ཇིའི་མིའི་རིགས་རིག་པའི་མཁས་དབང་ཧྥོ་ལིས་ཙི་ལགས་ཀྱིས“མི་རྣམས་ཀྱིས་ལྗོན་ཤིང་གི་བླ་དེས་རྩི་ཏོག་དང་སྒོ་ཕྱུགས། ཐ་ན་བུད་མེད་ལ་ཡང་སྐྱེད་འཕེལ་གྱི་ཤུགས་རྐྱེན་ཐེབས་ནུས་པར་འདོད་པས། ཁོ་ཚོས་ནུས་ཤུགས་དེ་འབྲུ་རིགས་ཀྱི་བླ་རུ་ཡང་བཀོད་པ་རེད།”⒃   ཅེས་སྐྱེ་དངོས་ཀྱི་སྐྱེ་འཕེལ་ནུས་ཤུགས་ལ་དད་མོས་བྱེད་པའི་འདུ་ཤེས་དེ་ནི་ཤིན་ཏུ་ཁྱབ་ཆེ་བའི་གདོད་མའི་ཤེས་རིག་གི་རྣམ་པ་ཞིག་ཡིན་པའི་ཚུལ་འཛམ་གླིང་གི་ཡུལ་གྲུ་མང་པོའི་འབྲེལ་ཡོད་གནའ་སྲོལ་དང་མིའི་རིགས་རིག་པའི་རྒྱུ་ཆ་དུ་མ་གུང་བསྒྲིགས་ནས་རྒྱས་པར་བསྟན་ཡོད་པར་མ་ཟད།   ཁོང་གིས་འདུ་ཤེས་དེའི་འབྱུང་ཁུངས་ནི་གདོད་མའི་བསམ་གཞིག་ལས་བྱུང་བའི་གནའ་བོའི་མཐུ་རྩལ་གྱི་རིག་ལམ་གཉིས་ཡིན་པའི་ལྟ་ཚུལ་བཏོན་ཡོད་པ་རེད།  དེ་དག་ནི་འདྲ་བ་རྒྱུ་མཚན་དུ་བྱེད་པ་( 相似律)དང་འབྲེལ་བ་རྒྱུ་མཚན་དུ་བྱེད་པའི་(接触律)ཐབས་ལམ་གཉིས་གང་རུང་ལ་བརྟེན་ནས་བྱ་དངོས་ཕ་རོལ་པོ་ལ་ནུས་མཐུ་གཏོང་བ་དང་།  བྱ་དངོས་གཅིག་གི་ནུས་པ་དེ་བྱ་དངོས་གཞན་ཞིག་གི་སྟེང་དུ་འཕོ་བར་བྱེད་པ་སོགས་རང་བྱུང་གི་ནུས་སྟོབས་ལ་མིས་དབང་བཀོད་བྱེད་པའི་གདོད་མའི་ཤེས་རིག་གམ་བྱ་དངོས་ཀྱི་འབྲེལ་བའི་ཐད་ཀྱི་ལྟར་སྣང་གི་གཏན་ཚིགས་དེ་བྱུང་ཡིན་པར་བརྗོད།   
             བོད་ཀྱི་གཡང་འགུགས་ཀྱི་ཆོ་གའི་ཁྲོད་དུ་གཡང་ར་བ་སྒོ་བཞི་ཞེས་གཡང་རྟེན་གྱི་ཕྱོགས་བཞིར་རྟ་ནོར་ལུག་ར་བཅས་སྒོ་ཕྱུགས་རིགས་བཞིའི་ཟན་གཟུགས་འཇོག་པ་དང་།   ཁྱད་པར་དུ་ལུག་བལ་ནི་གཡང་འགུགས་དང་འབྲེལ་བའི་ཆོ་ག་ཁག་གི་ཁྲོད་ཐོག་མཐའ་བར་གསུམ་དུ་དགོས་པའི་གཡང་རྫས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  ལུག་ནི་བོད་ཀྱི་སྒོ་ཕྱུགས་ཀུན་ལས་འཕེལ་སྟོབས་ཆེ་ཤོས་དེ་ཡིན་པས་དེར་སྔ་མོ་ནས་གཡང་དཀར་ལུག་གམ་གཡང་མོ་ལུག་ཅེས་པའི་མིང་ཆགས་ཡོད་པ་ལས་ལུག་ནི་བོད་ཀྱི་གདོད་མའི་གཡང་འགུགས་ཆོ་གའི་ཁྲོད་ཀྱི་གཡང་རྟེན་གཙོ་བོ་ཞིག་ཡིན་པ་ངང་གིས་རྟོགས་ཐུབ་པ་སྟེ། ཕལ་ཆེར་གདོད་མའི་དུས་སུ་བོད་ཀྱི་ཡུལ་འདིར་ལུག་གི་འཕེལ་སྟོབས་ཀྱི་ནུས་པ་དེ་མཐུ་རྩལ་གྱི་ཐབས་ཀྱིས་མི་ནོར་འཕེལ་བའི་རྐྱེན་དང་གྲོགས་སུ་བསྒྱུར་བར་བྱེད་པའི་ཆོ་ག་ཞིག་ཡོད་པར་ངེས་ཏེ། 《མདོ་དྲི་མེད་གཟི་བརྗིད་》ལས།“མོ་མས་ཀྱང་ལྷ་མ་དང་སྒྲོ་དཀར་དེ་གླད་ལ་གཡུག་ནས་སྨྲས་པ། ད་སྲིད་པ་ཆགས་ཆགས་ལུགས་(ལུག་)སུ་ཆགས།།  ལུག་ལྷ་བ་བལ་ལྡན་གྱི་སོག་བལ་ལ།།  སྨན་ལྷ་མོ་ཐང་ང་དག་གིས་བཅག་ཅིག་འདབ་ནས།། ཇུ་ཐིག་ཤར་བ་རྒྱ་དྲུག་བྱས།། སྲིད་པ་ཚེ་དྲུག་གི་བླ་གནས་ཡིན།། འགྲོ་བ་རིགས་དྲུག་གི་དཔྱད་ལ་ཡོད།།  ད་སྲིད་པ་བསྐོར་བསྐོར་ལུག་ལ་བསྐོར།།  ད་སྲིད་པ་ལིང་ལིང་དེ་ལུག་ལ་ལིང་།།  ལུག་ལྷ་བ་བལ་ཆེན་གྱི་གཞུང་བལ་ལ།།   ཡབ་ལྷ་བདལ་དྲུག་གིས་བླིང་བླིང་ལ།།  གཞི་ལིང་ཕྱིང་དཀར་པོའི་གདན་ལ་བྱུང་།།  ཕྱྭ་དམུ་གཙུག་གསུམ་གཞི་མ་སྲིད།།  ད་སྲིད་པ་སྨྲང་སྨྲང་ལུག་ལ་སྨྲང་།།  སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡི།། འགྲོ་བ་སེམས་ཅན་གསོ་སྦྱིན་དུ།།  ལུག་ལྷ་བ་བལ་ཆེན་ལ་སྨྲང་གསོལ་བ།།  ལྷ་བ་བལ་ཆེན་གྱི་རྫུ་འཕྲུལ་ལ།།  འབྲུ་ཀུན་ལས་སྔ་བ་ནས་སུ་བྱུང་།།    ལུག་དང་ནས་གཉིས་མཐུན་བསྡེབས་པས།།  ལུག་ལས་འབྱུང་བཞིན་གྱི་གཏམ་དཔེ་དང་།། སྔོན་མོ་ནས་གྱི་སྨྲང་མ་སྲིད།། ད་སྲིད་པ་ལུག་ལུགས་ལུག་ལ་ལུགས།།   ལུག་ལྷ་བ་བལ་ཆེན་བཞོས་པ་ལས།། འོ་མའི་སྙིང་བོ་མར་དུ་བྱུང་།། སྔོན་མོ་ནས་གྱི་ཕྱེ་མ་དང་།། སྙིང་པོ་མར་གྱི་བཅུད་བསྡེབས་པས།། ཕྱེ་མར་འོལ་ཀོན་གསོས་སུ་འབྱུང་།  ད་སྲིད་པ་རྩི་རྩི་ལུག་ལ་རྩི།། སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡི།། ཡོད་ཀྱི་གཡང་ར་སྒོ་དགུ་ལ།། གཡང་ལྷ་བ་བལ་ཆེན་འཕེལ་ཆེ་བས།། ལུག་ལ་སྟོང་ཕྲག་དུ་མར་འཕེལ།།    སྲིད་པ་ལྷ་བུ་ཡོད་པའི་ས།། ལུག་ལ་རྩི་རྩི་བསྒྲང་བསྒྲང་བསང་།། རྩིས་དང་གྲངས་ཀྱིས་མ་ནོན་ནས།། རྩིས་ཀྲ་རིན་ཆེན་གྲམ་དུ་རྩིས།། བརྒྱ་ཚོ་རེ་ལ་རྩི་རྔོ་རེ།།  དེ་མི་ནོར་བ་ཡི་རྟགས་སུ་བཞག།  ལྷ་གཞི་དཀར་མོའི་སྟེང་དུ་བཀོད།།  ད་དཔྱད་ལ་རྩི་རྡོ་དགོས་པ་དང་།། གཡང་མོ་འཕེལ་ཁ་ཆེ་བ་དང་།། མོ་ལ་རྩིས་བསྒྲང་བྱེད་པའི་གཏན་ཚིགས་དེ་ནས་བྱུང་།།”⒄ཞེས་ལུག་ལྷའི་བྱུང་རབས་དང་དེའི་འཕེལ་སྟོབས་རྒྱུ་མཚན་དུ་བྱས་ཏེ་གཡང་གི་རུ་མར་གྱུར་བའི་རྒྱུ་མཚན་ཡང་བསྟན་ཡོད་ལ། དེ་ནི་དོན་དངོས་སུ་བོད་ཀྱི་གནའ་རབས་ཀྱི་ཆོ་ག་དང་འབྲེལ་བའི་སྲིད་པའི་སྒྲུང་རབས་ཤིག་སྟེ།  གཡང་ནི་ལུག་གི་འཕེལ་སྟོབས་ཀྱི་རང་གཟུགས་ཡིན་པའི་ཚུལ་ཤིན་ཏུ་གསལ་ཞིང་།  དེ་ལྟ་བུའི་སྲོལ་ཞིག་གནའ་དུས་སུ་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་ཡོད་པའི་སྐོར་《གསེར་གྱི་ཡལ་ག་》ཞེས་པ་ལས་འབྲུ་རིགས་ཀྱི་བླ་དེ་ལུག་གི་གཟུགས་སུ་སྣང་བའི་སྐོར་བསྟན་ཡོད་པར་མ་ཟད། དེ་ནི་མི་རྣམས་ཀྱིས་གདོད་མའི་མཐུ་རྩལ་གྱི་ཐབས་ལ་བརྟེན་ནས་ལྗོན་ཤིང་གི་བླ་དེ་ལུག་གི་བླ་རུ་བསྐོས་པ་ལས་བྱུང་བའི་སྣང་ཚུལ་ཡིན་པའི་སྐོར་རྒྱས་པར་བསྟན་ཡོད་པ་རེད།  སྐབས་དེར་གཡང་འགུགས་ཀྱི་ཆོ་ག་དེ་ནི་ལྷའི་བྱིན་རླབས་ལ་རག་ལས་པ་མ་ཡིན་པར་གཙོ་བོ་མིའི་ནུས་མཐུ་ལ་བརྟེན་ནས་འཕེལ་སྟོབས་དེ་གཞན་ལས་ཚུར་འགུགས་པ་ཞིག་ཡིན། དེ་ནི་ད་ལྟའི་གཡང་འགུགས་ཆོ་ག་འདིའི་ཐོག་མའི་འབྱུང་ཁུངས་ཤིག་ཡིན་པར་འདོད།   
             གཉིས། བོན་ལུགས་ཀྱི་ཕྱྭ་གཡང་། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་རྣམ་པ་དེ་རིམ་གྱིས་གདོད་མའི་རང་བྱུང་དད་མོས་ཀྱི་དུས་རིམ་དུ་ཕྱིན་རྗེས་ཆོས་ཀུན་བླ་ཡོད་སྨྲ་བའམ་སྣང་སྲིད་ལྷའི་རྣམ་རོལ་ཏུ་འཛིན་པའི་འདུ་ཤེས་ཀྱི་རྨང་གཞིའི་སྟེང་འཇིག་རྟེན་ལས་འདས་པའི་སྟོབས་ཤུགས་ཀྱི་འདུ་ཤེས་སྣ་ཚོགས་འཕེལ་ཞིང་དེས་མི་རྣམས་ཀྱི་བློ་ལ་དབང་བསྒྱུར་བ་ནས་བཟུང་གདོད་མའི་ཕྱྭ་གཡང་གི་འདུ་ཤེས་དེ་ཡང་རང་བཞིན་གྱི་འཕེལ་སྟོབས་ཀྱི་ནུས་པ་ཙམ་ལས་འདས་ཏེ།  མི་མངོན་པའི་ཤུགས་ན་གནས་པའི་མི་མ་ཡིན་གྱི་སྟོབས་ཤུགས་ཤིག་གིས་རྒྱུ་ནོར་གྱི་འཕེལ་སྟོབས་དང་མི་རྣམས་ཀྱི་ཚེ་དང་བསོད་ནམས་སོགས་ཡོད་ཚད་ལ་ཚོད་འཛིན་དང་དབང་བྱེད་བཞིན་ཡོད་པར་འདོད་པའི་རང་བྱུང་ལས་འདས་པའི་སྟོབས་ཤུགས་ཀྱི་འདུ་ཤེས་བྱུང་བ་དང་། གཡང་གི་ནང་དོན་ཐད་ལ་ཡང་སྔོན་གྱི་མི་ནོར་འཕེལ་ཐབས་ཙམ་གྱི་ཚད་ལས་ཆེས་ཆེར་འདས་ཏེ་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་སོགས་ཁྱབ་ཆེ་བའི་གོ་དོན་ཅན་དུ་འཕེལ་ཞིང་།  ཆོ་ག་སྒྲུབ་སྟངས་ཀྱི་ཐད་ནས་ཀྱང་ཐོག་མའི་མཐུ་རྩལ་གྱི་རྨང་གཞིའི་སྟེང་སྣང་སྲིད་ཀྱི་མི་མ་ཡིན་གྱི་སྟོབས་ཤུགས་ལ་རེ་ལྟོས་འཆའ་བ་དང་།  གཡང་འགུགས་པ་དེ་ཡང་འཕེལ་སྟོབས་ཀྱི་ནུས་པ་དེ་འགོ་བར་བྱེད་པ་ཙམ་མ་ཡིན་པར་དེ་ནི་འཇིག་རྟེན་ལས་འདས་པའི་མི་མ་ཡིན་གྱི་སྟོབས་ཤུགས་ལ་རེ་བ་དང་སློང་བའི་རྣམ་པ་ཡོངས་སུ་མངོན་ཡོད་ཅིང་།  དེ་ནི་མིའི་རིགས་ཀྱི་ཤེས་རིག་གི་རྣམ་པ་དེ་མཐུ་རྩལ་གྱི་དུས་རིམ་ནས་ཆོས་ལུགས་གསོལ་མཆོད་ཀྱི་དུས་རིམ་དུ་འཕེལ་བའི་མངོན་རྟགས་ཀྱང་ཡིན། འདིའི་སྐབས་ཀྱི་གཡང་འགུགས་རིག་གནས་ཀྱི་འགྱུར་ལྡོག་ཐད་ཀྱི་ཁྱད་ཆོས་གཙོ་བོ་ནི་ཕྱྭ་དང་གཡང་གཉིས་ཟུང་འབྲེལ་བྱས་པའི་སྣང་ཚུལ་འདི་ཡིན་ཏེ།  ནམ་མཁའི་ནོར་བུ་ལགས་གྱིས་ཕྱྭ་གཡང་གི་ལྷ་ནི་མཐར་གཏུགས་ན་ཕུག་ལྷ་ཡིན་པར་འདོད་དེ་“དབུས་ཕྱོགས་ཀྱི་ཕུག་ལྷ་སྐུ་མདོག་གསེར་གྱི་སྙིང་པོ་ལྟ་བུ་ཀུན་ཀྱང་འོད་ཟེར་འབར་ཞིང་།  ཕྱག་ནག་ཕུག་ལྷའི་དམུ་དག་འཛིན་པ་དེ་དག་ཕྱོགས་སོ་སོ་ནས་སྤྱན་འདྲེན་ཞིང་ཕུག་རྟེན་ལ་བསྟོམ་པ་དང་།   ཁྱིམ་དེའི་ཕུག་རྟེན་ལ་རྟག་པར་བཞུགས་སུ་གསོལ་བ་ཡིན།   ཕུག་ལྷ་དེ་དག་རྟག་ཏུ་ཁྱིམ་ལ་འགོ་བ་དང་དེ་དག་གིས་ཁྱིམ་དེར་གནས་པའི་མི་རྣམས་ལ་སྡོང་གྲོགས་བྱེད་ཅིང་ཁྱིམ་དེའི་ཕྱྭ་གཡང་ལ་དབང་མཛད་པ་དང་ཕྱྭ་གཡང་མི་ཉམས་པའི་ཁ་མདོག་མཛད་པ་ཡིན་”⒅ཞེས་གསལ་པོར་བསྟན་ཡོད་པ་དང་། དེ་ལས་གཞན་《མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག་》ཅེས་པ་ལས་སྤྱན་འདྲེན་གྱི་སྐབས་སུ“པྲ་ཕུད་གཡང་གསས་ཕྱྭ་གཉན་བཞི། གསས་རྗེ་རིགས་ལྔ་ནོར་ལྷ་འཁོར་དང་བཅས། སྤྲུལ་བའི་ལྷ་མོ་ཕོ་ཉ་ཡང་སྤྲུལ་རྣམས།     སྤྱན་འདྲེན་བཞུགས་གསོལ་ཕྱག་བཤགས་མཆོད་འབུལ་བས། སྐུ་བསྟོད་ཡོན་ཏན་ཕྱྭ་གཡང་དངོས་གྲུབ་སྩོལ།”ཞེས་པ་དང་།  ཡང་དེ་ཉིད་ལས་“འོད་ཟེར་ལྔའི་སྙིང་བོ་ལས། གསས་ཆེན་རུ་བཞི་དབུས་ལྔ་སྲིད། དབུས་ལྔ་ཐུགས་ཀྱི་སྤྲུལ་བ་ལས། སྲིད་པའི་གཤེན་ཆེན་ལྔ་རུ་སྲིད། གཅིག་ནི་ལྷ་འོ་ལྷ་སྲས་ལགས། སྒམ་པོ་ལྷ་འོ་ལྷ་སྲས་ལ།  དེ་ལ་ཁབ་དང་དབྱལ་བཙལ་བ།  ཕྱྭ་ཡུལ་སྣང་ལྡན་གཡུ་རྩེ་ན། ཡེ་སྲིད་ཕྱྭའི་རྒྱལ་མོ་ཁབ་ཏུ་བཞེས། དེ་གཉིས་སྲིད་ཅིང་སྤྲུལ་བ་ལས།  ཡ་མཚན་སྒོང་ང་དགུ་རུ་སྲིད། གསེར་སྒོང་རྡོལ་བ་ལས། གཡུང་དྲུང་གསེར་གྱི་མི་ཕོ་ཅིག  ཕྱག་ན་གསེར་མདའ་གཡུ་སྒྲ་བསྣམས།  དེ་ལ་མིང་དང་མཚན་གསོལ་བ།  གཡུང་དྲུང་ཕྱྭ་ཡི་རྒྱལ་པོ་བྱ།  མི་ཕྱྭ་ཐམས་ཅད་དེས་འགུགས།  མི་ཕྱྭ་ཁུགས་སོ་ཤ་ར་ར།  ཕྱྭ་ཞེས་ཟེར་ན་དེ་ལ་བྱ།  དེ་ཡང་མ་འཕང་ཁུ་ཡེ་གསུངས།  གཡུ་སྒོང་སྔོན་པོ་རྡོལ་བ་ལས།  གཡུའི་བུད་མེད་སྔོན་མོ་ཞིག ཕྱག་ན་གསེར་འཕང་གཡུ་ལོ་བསྣམས། དེ་ལ་མིང་དང་མཚན་གསོལ་བ། གཡུང་དྲུང་ཕྱྭ་ཡི་རྒྱལ་མོ་བྱ། གང་མོ་འགྱིང་མོ་བྱ་བ་ལགས། ཕྱུག་གཡང་ཐམས་ཅད་དེ་ཡིས་འགུགས།  ཕྱུག་གཡང་ཁུགས་སོ་མེར་རེ་རེ།  གཡང་ཞེས་ཟེར་ན་དེ་ལ་བྱ། དེ་ཡང་མ་ཉམས་ཁུ་ཡེ་གསུངས།”⒆ཞེས་གཡང་འགུགས་པ་དེ་ལྷའི་ནུས་མཐུ་ལ་བརྟེན་དགོས་པའི་ཚུལ་གསལ་པོར་བསྟན་ཡོད་པར་མ་ཟད།  ཆེད་དུ་གཡང་གི་སྐོར་ལ་དབང་བྱེད་པའི་ཕྱྭ་གཡང་གི་ལྷ་ཚོགས་ཀྱང་དངོས་སུ་བྱུང་ཡོད་པ་རེད།    འདིའི་སྐབས་སུ་ཕྱྭ་དང་གཡང་གི་འབྲེལ་བ་རིམ་བཞིན་ཇེ་དམ་དུ་གྱུར་ནས་མཐར་ལྷ་གཅིག་གི་འཕྲིན་ལས་ཀྱི་ཁོངས་སུ་བསྡུས་པའི་སྣང་ཚུལ་མངོན་གསལ་དུ་བྱུང་ཡོད་པ་རེད། དེ་བས་སྣང་ཚུལ་འདི་ནི་གདོད་མའི་གཡང་འགུགས་ཀྱི་མཐུ་རྩལ་གྱི་ངོ་བོ་དེ་གསོལ་མཆོད་ཀྱི་ངོ་བོར་གྱུར་བའི་རྟགས་མཚན་གཙོ་བོ་ཞིག་ཡིན་པར་འདོད་དོ།།   
             གསུམ། བོད་བརྒྱུད་ཐུབ་བསྟན་གྱི་གཡང་སྒྲུབ། དུས་རིམ་གསུམ་པ་ད་ལྟའི་བན་བོན་གྱི་གཡང་འགུགས་ཆོག་རབས་མང་པོ་ཞིག་ནི་གདོད་མའི་གཡང་འགུགས་ཀྱི་ཆོ་གའི་མཐུ་རྩལ་གྱི་ངོ་བོ་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་འཕེལ་རིམ་དང་འབྲེལ་ནས་དེའི་རྣམ་པ་དང་ནང་དོན།   སྒྲུབ་རིམ་སོགས་ཐད་འཕེལ་འགྱུར་བྱུང་ཞིང་།   ཁྱད་པར་དུ་ཐུབ་པའི་བསྟན་པ་བོད་ཡུལ་དུ་དར་ཁྱབ་བྱུང་བའི་གོ་རིམ་ཁྲོད་གཡང་འགུགས་ཀྱི་ཆོ་ག་དང་བཅས་པའི་བོད་རང་སའི་གནའ་བོའི་དད་མོས་ཀྱི་སྣང་ཚུལ་མང་པོ་ཞིག་ཀྱང་དགོས་དབང་གིས་བསྡུ་ལེན་བྱས་ཡོད་པས་གཡང་འགུགས་ཀྱི་ཆོ་ག་དེ་ཡང་བོད་བརྒྱུད་ཐུབ་བསྟན་གྱི་ཆོ་ག་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ།  དེ་ནི་གདོད་མའི་གཡང་འགུགས་ཀྱི་ཆོ་ག་རྒྱུད་འཛིན་དང་དར་ཁྱབ་ཏུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུའང་གྱུར་བ་རེད།     གཡང་འགུགས་ཀྱི་ཆོ་ག་དེ་བོད་བརྒྱུད་ཐུབ་བསྟན་གྱི་ཁོངས་སུ་བསྡུས་རྗེས་བོད་ཀྱི་ཐུབ་བསྟན་པའི་མཁས་པ་རྣམས་ཀྱིས་《པདྨ་གཡང་འབུམ་》 དང་《གསེར་འོད་གཡང་སྐྱབས་》སོགས་གཡང་འགུགས་ཀྱི་ཆོ་གའི་གཞུང་སྣ་ཚོགས་བརྩམས་ཤིང་།   དེ་དག་ལ་གསོལ་མཆོད་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྣང་ཚུལ་བྱུང་ཡོད་པ་སྟེ།  དེ་ནི་གཡང་སྒྲུབ་ཅེས་ནོར་ལྷ་དང་ཚེ་ལྷ་དག་བསྒྲུབས་ནས་ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་སོགས་ཀྱི་དངོས་གྲུབ་སྩོལ་བར་དམིགས་པའི་ཆོ་ག་ཞིག་ཏུ་གྱུར་ཡོད་པ་རེད།  དེ་ནི་མིའི་ཤེས་རིག་འཕེལ་འགྱུར་གྱི་དུས་རིམ་གཉིས་པ་སྟེ་ཆོས་ལུགས་གསོལ་མཆོད་ཀྱི་དད་མོས་གཙོ་བོར་གྱུར་བས་གཡང་འགུགས་ཆོ་གའི་ནང་དོན་ཐད་ལ་ཡང་འགྱུར་བ་ཆེན་པོ་བྱུང་ཡོད།  ད་ལྟའི་བོད་ཀྱི་གཡང་སྒྲུབ་ཀྱི་གཞུང་མང་པོ་ཞིག་ནི་གཙོ་བོ་བོད་བརྒྱུད་ཐུབ་བསྟན་གྱི་ལྷ་ཚོགས་སྒྲུབ་ཐབས་སྐོར་གྱི་ཆོ་གའི་གཞུང་ཞིག་ཏུ་གྱུར་ཡོད་པ་རེད།   དེ་ལ་《ནོར་སྒྲུབ་རིན་ཆེན་བང་མཛོད་》ལས་“རབ་འབྱམས་རིགས་ལྔ་སྒྱུ་འཕྲུལ་དྲ་བའི་ཞིང་།། མི་ཟད་ལོངས་སྤྱོད་རྒྱན་གྱི་ཕྱྭ་གཡང་ཁུག། སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི།།   སྣོད་བཅུད་དཔལ་གྱི་འབྱོར་བའི་ཕྱྭ་གཡང་ཁུག། ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི།། དྭངས་མ་གཟི་བརྗིད་ནུས་པའི་ཕྱྭ་གཡང་ཁུག།   འཇིག་རྟེན་མངོན་པར་མཐོ་བའི་དཔུང་རྣམས་ཀྱི།།   ཚེ་དང་བློ་གྲོས་སྟོབས་རྩལ་ཕྱྭ་གཡང་ཁུག།  ཉན་རང་འཕགས་དང་སོ་སྐྱེའི་ཚོགས་རྣམས་ཀྱི།།  མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཕྱྭ་གཡང་ཁུག། ཤར་ཕྱོགས་དྲི་ཟའི་ཡུལ་གྱི་ལང་ཚོ་དང་།།  རྒྱ་ནག་བཙན་བརྗིད་ཁྲིམས་ཀྱི་ཕྱྭ་གཡང་ཁུག།  ལྷོ་ཕྱོགས་གྲུལ་བུམ་དབྱངས་ཀྱི་སྙན་འགྱུར་དང་།།  རྒྱ་གར་དམ་པའི་ཆོས་ཀྱི་ཕྱྭ་གཡང་ཁུག།  ནུབ་ཕྱོགས་ཀླུ་དབང་ནོར་བུའི་བང་མཛོད་དང་།། སྟག་གཟིག་ནོར་གྱི་འབྱོར་བའི་ཕྱྭ་གཡང་ཁུག།།   བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བུམ་བཟང་དང་།། གེ་སར་དཔའ་རྩལ་ལྡན་པའི་ཕྱྭ་གཡང་ཁུག།”⒇ཅེས་དང་།   《གེ་སར་རྒྱལ་པོའི་གཡང་འབོད་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ་》ལས་“སྟེང་འོག་ཕྱོགས་མཚམས་གནས་པ་ཡི།།  བཀྲ་ཤིས་བདེ་སྐྱིད་ཕྱྭ་དང་གཡང་།།   སྟོབས་འབྱོར་ནུས་པ་ཚེ་བཀྲག་མདངས།། ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་།། ཟས་གོས་དཔལ་ཡོན་མ་ལུས་པ།། འོད་ལྔའི་ཐིགས་ལེའི་རྣམ་པ་རུ།།  འདིར་ཁུག་འདིར་འདུས་འདིར་བསྟྀམ་ལ།།  ཕྱྭ་ཆ་གཡང་གི་རྫས་རྣམས་དང་།།  རྣལ་འབྱོར་ལུས་ངག་ཡིད་གསུམ་ལ།།  བྱང་ཆུབ་བར་དུ་མི་འབྲལ་བར།།  ནོར་བུ་བུམ་བཟང་དཔག་བསམ་ཤིང་།། གསེར་གྱི་སྙིང་པོའི་སྤྲིན་བཞིན་དུ།། དགོས་འདོད་ཆར་བ་རྟག་རུ་ཕོབས།།”(21)ཞེས་དང་།  ཁྱད་པར་དུ་《རིགས་ལྔའི་གཡང་འབོད་》ཅེས་པ་ལས་“ཁྱེད་ལ་འཕྲིན་ལས་བཅོལ་བ་ནི།། མི་ཚེ་ལོ་བརྒྱ་འཚོ་བ་དང་།།  ཕྱུགས་གཡང་རྩི་ལྟར་རྒྱས་པ་དང་།  བཅུད་རི་རབ་ལྷུན་པོ་བཞིན།།  རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག། སྤྲིན་ཕུང་བཞིན་དུ་ཆར་ཆེན་ཕོབས།། མི་ནོར་དབང་ཐང་འཕེལ་བར་ཤོག།   བཙན་ཕྱུག་འཕན་པའི་དངོས་གྲུབ་སྩོལ།།”(22)ཅེས་པ་འདི་དག་ལས་ཕྱྭ་དང་གཡང་གི་གོ་དོན་ལ་སྔར་ལས་འགྱུར་ལྡོག་བྱུང་སྟེ།  དེ་དག་ནི་མི་དང་བྱ་དངོས་རང་སྟེང་གི་ནུས་མཐུ་དང་ཡོན་ཏན་ལས་འགོངས་ཏེ་ལྷ་ཚོགས་ཀྱི་བྱིན་རླབས་དང་དངོས་གྲུབ་འབའ་ཞིག་ཏུ་གྱུར་ཡོད་པ་རེད།  ནོར་བདག་ཛམ་ལྷ་ནི་བོད་བརྒྱུད་ཐུབ་བསྟན་གྱི་གཡང་གི་དངོས་གྲུབ་སྩོལ་བའི་སྐྱབས་ཡུལ་གྱི་ལྷ་གཙོ་བོ་དེ་ཡིན་ལ།    དེ་མིན་ད་དུང་ཕྱོགས་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས་སོགས་ཕྱྭ་དང་གཡང་ལ་དབང་བྱེད་པའི་ལྷ་ཚོགས་ཀྱི་རྣམ་གྲངས་གཞན་ཡང་ཤིན་ཏུ་མང་པོ་ཡོད་པ་རེད།   
             མདོར་ན་རྣམ་པ་རྒྱ་ཆེ་ཞིང་ལོ་རྒྱུས་ཀྱི་ཕུ་ཐག་རིང་བ།   ནང་དོན་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་ཕྱྭ་གཡང་ཆོ་ག་ལ་ལྷ་སྒྲུང་དང་ཆོས་ལུགས།   ལོ་རྒྱུས་དང་དམངས་སྲོལ།    གཟུགས་མེད་ཤུལ་བཞག་རིག་གནས་སོགས་ཕྱོགས་མང་པོའི་ཐད་ནས་ཞིབ་འཇུག་གི་རིན་ཐང་རྒྱ་ཆེན་པོ་ཡོད་པར་མ་ཟད། དེང་རབས་མིའི་རིགས་རིག་པ་དང་ཆོས་ལུགས་རིག་པ།  དམངས་སྲོལ་རིག་པ་སོགས་རིག་ཚན་མང་པོར་ཕུན་སུམ་ཚོགས་པའི་དཔྱད་གཞི་འདོན་སྤྲོད་བྱས་པས།  འབྱུང་འགྱུར་བོད་ཀྱི་རིག་གནས་ཐད་ཕྱོགས་ཡོངས་ནས་གཏིང་ཟབ་པར་ཞིབ་འཇུག་བྱེད་པ་དང་།  ཁྱད་པར་དུ་བོད་ཀྱི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་གྱིས་དེང་རབས་མིའི་རིགས་རིག་པའི་ཞིབ་འཇུག་ཁྲོད་རྒྱུ་ཆ་མཁོ་འདོན་དང་རིགས་ལམ་གྱི་ཐད་ནས་བློ་སྒོ་འབྱེད་པ་སོགས་ལ་དགེ་མཚན་དང་དོན་སྙིང་ཆེན་པོ་ཡོད་པ་རེད།                           
             དཔྱད་གཞིའི་ཡིག་ཆ།   
             ①⑤⑥⑦⑧⑨⒁⒂⒆《ཁུ་བྱུག་སྔོན་མོའི་གསུང་སྙན》 མཁར་རྨེའུ་བསམ་གཏན་གྱིས་བསྒྲིགས།  ཉི་ཧོང་གི་2002ལོའི་པར་གཞི།    p39    p34    p56    p58    p151    p91    p35  p225    p324   
             ②《གཡང་བཙལ་བ་》 དམངས་ཁྲོད་ལག་བྲིས་མ།  p35   
             ③④《ཞང་བོད་ལོ་རྒྱུས་ཏི་སེའི་འོད་》 ནམ་མཁའི་ནོར་བུས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།   1996ལོའི་པར་གཞི།  p36   p43   
             ⑽《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1984ལོའི་པར་གཞི།།  p62   
             ⑾《མདའ་དང་འཕང》 [ཧྥ་རན་སི]མཁར་རྨེའུ་བསམ་གཏན་གྱིས་བརྩམས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི།  p335   
             ⑿《 པརྨོ་བཀའ་ཐང་》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  1990ལོའི་པར་གཞི།  p474   
             ⒀⒄《མདོ་དྲི་མེད་གཟི་བརྗིད》(པོད་བརྒྱད་པ)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000ལོའི་པར་གཞི། p126    p435ནས་439བར།    
             ⒃[英 ]弗雷泽著, 徐育新等译: 《金枝 》 ,大众文艺出版社2009年版, 第380页。  
             ⒅《ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།   1994ལོའི་པར་གཞི། p324   
             ⒇《ནོར་སྒྲུབ་རིན་ཆེན་བང་མཛོད》 (ལག་བྲིས་མ)p28   
             (21)《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས》 འཇུ་མི་ཕམ་གྱིས་བརྩམས།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་པར་གཞི།  p152   
             (22)《དགྲ་ལྷའི་ཀ་འཛུགས་ཚེ་བསོད་སྟོབས་བསྐྱེད་རིན་ཆེན་གོ་མཚོན》རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད། (ལག་བྲིས་མ)p422

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1