༄༅།། བསོད་ནམས་མགོན་པོ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19


ཐོ་རེངས་སྐར་ཆེན་།——གཞས་པ་བསོད་ནམས་མགོན་པོ།
རྣམ་དཀར་ལྷ་མོ།


        2019ལོའི་ཟླ་11པའི་ཚེས་11ཉིན་བོད་ཀྱི་ན་གཞོན་གཞས་པ་བསོད་ནམས་མགོན་པོས་ཨོ་སི་ཐྲ་ལི་ཡའི་སིད་ཉི་གླུ་གར་ཁང་ནས་བོད་གླུའི་མཆོད་པ་ཕུལ་ཏེ། བསྟུད་མར་རྒྱལ་ནང་གི་གསར་འགྱུར་ཚ་ཤོས་སུ་གྱུར། ཡུལ་མི་དང་ཞེན་མི་མང་པོས་བསྟོད་པའི་ཚིག་དང་རེ་བའི་འདུན་པ་ཆར་ལྟར་བརྡོལ་འདུག དོན་དམ་དུ་གཞས་པ་ཁོང་ཉིད་ལ་མཚོན་ན་དེ་ནི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུའི་ཁྲོད་ནས་ཉམས་མྱོང་གང་ལེགས་བསགས་པའི་གྲུབ་འབྲས་སམ་འགྲུལ་བཞུད་ཐེངས་ཤིག་ཅི་ལ་མིན།



        དེ་ཡང་སེལ་ཤུལ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་ཕུལ་བྱུང་ན་གཞོན་གཞས་པ་བསོད་ནམས་མགོན་པོ་ལ་མཚོན་ན་ཆུང་དུས་ཀྱི་འབྲོག་པའི་འཚོ་བ་དང་རང་བྱུང་ཁོར་ཡུག་གིས་ཁོ་ལ་ལྷན་སྐྱེས་ཀྱི་ངག་གི་སྒྲུབ་པ་བསྩལ་ཡོད་དེ། དེ་བཞིན་2010ལོར་གོ་སྐབས་བཟང་པོ་ཞིག་གིས་རྒྱལ་ནང་གི་བརྙན་འཕྲིན་འགྲན་བསྡུར་《སྤྲོ་དགའི་སྐྱེས་པའི་སྒྲ་གདངས།》ཞེས་པའི་ཁྲོད་ནས་གྲུབ་འབྲས་བཟང་པོ་བླངས་བ་དང་། དུས་དེ་ནས་བཟུང་དངོས་སུ་གླུ་གཞས་ཀྱི་ལམ་དུ་ཞུགས་འགོ་ཚུགས་ཏེ། དེའི་རྗེས་ཀྱི་ལོ་གཉིས་གསུམ་གྱི་རིང་གཅིག་རྗེས་གཉིས་མཐུད་དུ་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་དུ་མའི་ཁྲོད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། ལྷག་པར་དུ་2011ལོར་སི་ཁྲོན་བརྙན་འཕྲིན་གྱི་《ཀྲུང་གོ་བོད་གླུའི་དགྱེས་འཛོམས།》ཞེས་པའི་འགྲན་སྡུར་ཁྲོད། གདངས་མཐོ་བའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། དེ་བཞིན་དུ་2017ལོར་ཀྲེ་ཅང་བརྙན་འཕྲིན་གྱི་《ཕུགས་སེམས་ཀྱི་སྒྲ་དབྱངས།》ཞེས་པའི་བརྙན་འཕྲིན་ལེ་ཚན་དུ་ཞུགས་ནས་མཚན་སྙན་རྒྱལ་ཡོངས་སུ་ཁྱབ། དེ་ཡང་གཞས་པ་ཁོ་རང་གིས་བཤད་པ་ནང་བཞིན་དུ། དུས་ཡུན་ཐུང་ངུ་ཞིག་ཏུ་རབ་སྙན་གྲགས་དང་རྒྱུ་ནོམ་པ་ཐོབ་པ་དང་། ལོ་ཆུང་བ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཞན་པའི་རྐྱེན་གྱིས་བསྟུད་མར་རང་སེམས་སུ་ང་རྒྱལ་ཆེན་པོ་སྐྱེས་ཤིང་། དུས་ཚོད་ངེས་ཅན་ཞིག་ཏུ་འཚོ་བ་དང་བྱ་ལས་ཀྱི་ཁ་ཕྱོགས་འཐམ་འཐོམ་དུ་གྱུར་སོང་ཟེར།



        ད་ལྟ་རྒྱལ་ནང་དུ་འཁྲབ་སྟོན་པ་དང་གཞས་པ་གཞས་མ་མང་པོ་ཞིག་གིས་ཟློས་གར་འཁྲབ་སྟོན་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་བཞིན་ཡོད་ལ། ལས་རིགས་དེའི་ཁྱབ་ཁོངས་སམ་ཡང་ན་རྒྱུས་མངའ་ཅན་གྱི་མི་རྣམས་ཀྱིས་ཟློས་གར་འཁྲབ་སྟོན་པར་བརྩི་མཐོང་ཆེན་པོ་གནང་བཞིན་འདུག འོ་ན་གཞས་པ་ཁོ་རང་ལ་མཚོན་ན་སྟེས་དབང་གི་གོ་སྐབས་བཟང་པོ་ཞིག་གིས་ཟློས་གར་འཁྲབ་སྟོན་གྱི་སྟེགས་བུར་ཐོག་དང་པོ་འབུད་རྒྱུའི་བསྐལ་བ་བྱུང་ཞིང་། 2012ལོའི་ཟླ་10པར་རྒྱལ་ཁབ་ཀྱི་ཟློས་གར་ཁང་ཆེན་མོ་ནས་《རྒྱ་བཟའ་ཀོང་ཇོ།》ཞེས་པའི་མི་རིགས་ལོ་རྒྱུས་སྙན་ངག་གླུ་གར་ཆེ་གྲས་སུ་སྲོང་བཙན་སྒམ་པོ་འཁྲབ་སྟེ། ཟློས་གར་གྱི་བརྗོད་དོན་གླུ་དབྱངས་《མཐོན་མཐིང་གི་མངལ་ཁུག》 ཞེས་པ་འཁྲབ་ལེན་བྱས་ཤིང་། དེ་མིན་འཁྲབ་གཞུང་གི་དགོས་མཁོའི་དབང་གིས་འཁྲབ་སྟོན་གྱི་མགོ་མཇུག་བར་གསུམ་དུ་གཞས་དང་ཞབས་བྲོ། མི་སྣའི་གླེང་མོལ་ཤིན་ཏུ་མང་བས། འཁྲབ་སྟོན་པའི་འཁྲབ་སྟོན་རྨང་གཞི་དང་འཁྲབ་སྟོན་ནུས་པར་མཚོན་ན་འགྲན་སློང་ཆེན་པོ་ཞིག་ཡིན་མོད། ཡིན་ཡང་གཞས་པ་ཁོ་རང་ལ་མཚོན་ན་ལས་སླ་པོ་རེད་འདུག །ལྷན་སྐྱེས་ཀྱི་སྐད་གདངས་དྭངས་མོ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་སྟེ། ཀུན་གྱི་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་ཐོབ།

        དེ་ཡང་2017ལོར་《དར་མདོའི་མཛས་གཞས།》ཞེས་པའི་མི་རིགས་རོལ་དབྱངས་ཟློས་གར་གྱི་གཙོ་འཁྲབ་པ་བྱས་ཤིང་། རྒྱལ་ནང་དང་བོད་ཁུལ་གྱི་ས་ཆ་སོ་སོར་ཕེབས་ནས་སྐོར་འཁྲབ་བྱས་ཡོད། སྤྱིར་བཏང་དུ་མི་མང་པོ་ཞིག་ལ་ཟློས་གར་འཁྲབ་སྟོན་ཟེར་ན་ཅུང་རྒྱུས་མངའ་མེད་པའི་སྣང་བ་ཡོད་སྲིད་པས། བརྙན་འཕྲིན་ལེ་ཚན་གཞན་དག་གི་འཁྲབ་སྟོན་དང་འགྲན་བསྡུར་མེད་ན་ད་ལྟའི་དུས་འདིར་མིང་དུ་གྲགས་པར་གྱུར་སླ་བ་ག་ལ་ཡོད། སྤྱིར་བསོད་ནམས་མགོན་པོར་མཚོན་ན། མ་གཞིར་ཁོ་རང་ལ་གླུ་གཞས་སྐོར་གྱི་ཆེད་ལས་སྐོར་ལ་མ་ལག་རང་བཞིན་གྱི་སྦྱངས་པ་ཅི་ཡང་མེད་མོད། གླུ་གཞས་སྒྱུ་རྩལ་ལ་བཅངས་པའི་བརྩེ་བ་དང་རང་ངོས་ཀྱི་འབད་པ་བརྩོན་ལེན་བརྒྱུད། གར་སྟེགས་རེ་རེ་ནས་ཉམས་མྱོང་གསོག་ལེན་དང་གར་སྟེགས་རྒྱབ་ནས་སྦྱང་བ་གྲངས་མེད་ཀྱིས་ད་ལྟ་ཀུན་གྱི་དགའ་བསུ་ཐོབ་པའི་བོད་ཀྱི་གླུ་པ་གྲགས་ཅན་དུ་གྱུར་འདུག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1