༄༅།།སི་ཁྲོན་སེར་ཤུལ་གྱི་ཐང་བོད་རྡོ་བརྐོས་ཚོམ་ལས་བྲག་ལྷ་མོ།

འཕྲིན་ལས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-08


འཕྲིན་ལས།

        ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་གྲུབ་ཆར་གྱུར་བའི་རི་ཆུ་ཤིང་བྲག་ལ་སོགས་པ་རྣམས་གཟུགས་བརྙན་རྣམ་པ་སྣ་ཚོགས་སུ་དོད་པ་ནི་རང་བྱུང་གི་ཁམས་ཆེན་པོ་འདི་ཉིད་འཕོ་འགྱུར་དབང་གིས་འདི་ལྟར་གྱུར་སོང་བ་ལས་གཞན་གང་ཡང་མ་ཡིན་ཡང་། འདི་ལ་འཚོ་སྡོད་བྱེད་པའི་མི་མང་པོ་ཞིག་གིས་འདི་ཐམས་ཅད་འགྲོ་བ་མིའི་རིགས་ཀྱི་ནུས་སྟོབས་ལས་བརྒལ་བའི་སྲོག་ཆགས་གཞན་ཞིག་གིས་བཀོད་པའམ་དེ་རུ་མི་མ་ཡིན་པ་ཞིག་གནས་ཡོད་པར་རྣམ་རྟོག་གི་གཟུགས་གཞི་ཤར་ནས་དེ་དག་ལ་སོ་སོའི་ཡུལ་སྲོལ་དང་སྦྱར་བའི་དར་དང་མེ་ཏོག་སོགས་མཆོད་སྲོལ་དང་། བྲག་དབྱིབས་འདྲ་མིན་རེ་མཐོང་ཚེ་དེའི་ལོགས་སུ་ལྷ་རིས་དང་ཡི་གེའི་གཟུགས་སྣ་ཚོགས་བརྐོས་ནས་དད་རྟེན་དུ་བྱེད་སྲོལ་དུས་ད་ལྟའི་བར་དུའང་ཡོད། 

        འདི་ནི་ངའི་ཕ་ཡུལ་ཁམས་ཀློང་ཐང་ངམ་འདན་ཁོག་གི་ཟུར་གཅིག་ཡིན། གང་ལྟར་ཡིན་ཡང་འདི་དང་འདི་ལྟ་བུའི་རིགས་ནི་དུས་ཡུན་རིང་པོ་ལོན་ཟིན་པས་དུས་སྐབས་དེའི་དུས་སུ་ཡུལ་དེའི་ལོ་རྒྱུས་མཚོན་བྱེད་རྡོ་རིང་ཆེན་པོ་ཞིག་ཏུ་མ་བསྟུན་རང་མཐུན་ལྟ་བུར་གྱུར། བྲག་དམར་ནག་གྱེན་དུ་འགྲེང་བའི་འདིའི་ལྡེབས་སུ་རི་མོ་འབྲི་སྟངས་དང་ལྷ་སྐུའི་གོས་རྒྱན་བཅས་ཐང་རྒྱལ་རབས་དུས་ཀྱི་རྒྱ་ནག་གི་རི་མོའི་འགྲོས་དང་འདྲ་བའི་ཚེ་ལྷ་རྣམ་གསུམ་གྱི་སྐུ་བྲག་བརྐོས་མ་འདི་ལ་བྲག་ལྷ་མོ་ཞེས་འབོད་སྲོལ་ཡོད། འདི་ནི་འབྲི་ཆུ་སྟོད་རྒྱུད་ཁམས་ཀློང་ཐང་གི་ཡུལ། ཀློང་ཐང་སྒྲོལ་མ་ལྷ་ཁང་(སྲོང་བཙན་སྐབས་ཡན་ལག་གི་ལྷ་ཁང་བཅུ་གཉིས་བཞེངས་པའི་གྲས)གི་བྱང་རྒྱུད་ཀློང་རོང་ལུང་པའི་ནང་འགོ་པ་སྡེ་བ་ཞེས་པའི་གྲོང་སྨད་ཀློང་ཆུའི་འགྲམ་དུ་ཡོད། ཡུལ་ལུང་དེ་གའི་དམངས་ཁྲོད་དུ་བྲག་བརྐོས་འདི་བྱུང་རབས་ལ་ངག་རྒྱུན་སྔ་ཕྱི་མི་མཐུན་པ་ལུགས་ཆེན་པོ་གཉིས་ཙམ་སྨྲ་རྒྱུ་ཡོད་པ་ལས། སྔ་མ་ནི། རྒྱ་ནག་གོང་མ་ཐང་ཐེ་ཙུང“唐太宗”གི་སྲས་མོ་(ཚ་མོའི་ཁོངས་སུ་གཏོགས་པར་འདྲ)རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བོད་རྒྱལ་སྲོང་བཙན་སྒམ་པོའི་བག་མ་ཕེབས་སྐབས་བར་ལམ་ནས་སྦ་ལྕག་གིས་བརྐོས་པས་སྐབས་དེ་དུས་མི་རྣམས་ཀྱི་སྣང་ངོར་ཀོང་ཇོ་ནི་ལྷ་ལས་མཛེས་པས་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་བྲག་ལྷ་མོ་ཞེས་འབོད་རབས། སྒྲོ་བཏགས་ཀྱི་སྐད་དེ་ལས་ད་ལྟའི་བར་དུ་མིང་དེ་ལྟར་འབོད་ཀྱིན་ཡོད། ཕྱི་མ་ནི། ཞིབ་འཇུག་གི་ཚུལ་དུ་ཡིན་ཁུལ་གྱིས། ཝུན་ཤིང་ཀོང་ཇོས་བརྐོས་པ་མ་ཡིན་པ། རྒྱ་བཟའ་རྗེས་མ་སྟེ། གོང་མ་ཐང་ཙོའུ་ཙུང“唐中宗”གི་ཚ་བོ་འུས་ཝང་ལི་ཧྲོའུ་ལི“雍王李守礼”ཡི་བུ་མོ་གྱིམ་ཤིང་ཀོང་ཇོ་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བག་མར་བསུས་པ་(སྲས་འཇང་ཚ་ལྷ་དབོན་ལ་བླངས་ཚུལ་ལོ་རྒྱུས་ཡོད་ཀྱང་། དོན་དུ་ཁྲི་ལྡེ་གཙུག་བརྟན་རང་ཉིད་སྲས་ཀྱི་དུས་སུ་ཡིན)དེའི་སྐབས་སུའམ་དེས་བཞེངས་ཚུལ་ཞེས་ཁུངས་ལུང་མེད་པའི་ངག་རྒྱུན་འདྲ་ཆགས་པོ་དེ་གཉིས་ལ་བསྟུན་ཅི་ཐུབ་གང་ཐུབ་བྱས་ཡོད།

         དེའི་སྐོར་ལ་རང་གིས་ཀྱང་དེ་སྔོན་མ་དག་རྒྱུན་འབྱམས་སུ་སོང་བའི་ལོ་རྒྱུས་མདོར་བསྡུས་ཤིག་འབྲི་ཁུལ་བྱས་མྱོང་ཡོད། ད་ཐེངས་དབྱར་གུང་གསེང་སྐབས་ཕ་ཡུལ་དུ་བསྐྱོད་པའི་ལམ་ནས་ཡང་བསྐྱར་བརྐོས་རིས་གཡས་ལོགས་དང་པད་གདན་འོག་ཏུ་བརྐོས་ཡོད་པའི་བོད་ཀྱི་བརྡ་རྙིང་ཡིག་གཟུགས་དག་ལ་ཞིབ་ཏུ་བལྟས་པས། མ་མཐའ་ཡང་ལོ་ངོ་བརྒྱ་ཕྲག་བཅུ་གཉིས་ཙམ་བརྒལ་བའི་རིང་དུ་ཉི་འོད་དང་ཆར་བས་རྡུང་རྡེག་འོག་ནས་ཡིག་འབྲུ་ཉམས་ཆག་ཏུ་སོང་བས་མང་ཆེ་བ་ཀློག་དཀའ་བའི་གནས་སུ་གྱུར། འོན་ཀྱང་སྐུའི་གཡས་ཕྱོགས་ཀྱི་ཡིག་ཕྲེང་དང་པོ་ལས་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་རིང་ལ་+ + +ཞེས་གསལ་ལ་མ་གསལ་བའི་ཡིག་འབྲུ་འགའ་ཀློག་ཐུབ་པ་དང་། བོད་ཡིག་གི་ཡིག་ཕྲེང་དེ་དག་འོག་ཏུ་རྒྱ་ཡིག་གི“杨二造私也”ཞེས་ཡིག་གཟུགས་དོགས་གཞི་ཅན་འབྲུ་ལྔ་ཐུར་བྲིས་བྱས་ཡོད་པ་དེས་འབྲི་མཁན་ང་ཡིན་ཞེས་པའི་ཚུལ་བསྟན་འདུག པད་གདན་འོག་གི་ཡི་གེ་ནི་ཕལ་ཆེར་སྨོན་ལམ་གྱི་ཚུལ་དུ་བྲིས་པར་སེམས། དེས་ན་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་རིང་ངམ་ཁྱད་པར་དུ་དུས་རབས་བརྒྱད་པའི་འཇུག་(སྤྱི་ལོ798)ཙམ་ནས་དུས་རབས་དགུ་པའི་དབུ(སྤྱི་ལོ815)ལོ་བར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་བའི་རིང་དུ་ཡིན་པར་རིག་པས་དཔྱད་ཁུངས་གདའ། བོད་ཀྱི་བརྡ་རྙིང་ཡི་གེ་ཞིབ་འཇུག་ཁྱབ་ཁོངས་ཁག་ཏུ་དྲངས་པ་ལྟར་ན་བཙན་པོ་འདི་པའི་རིང་བོད་དུ་བཀའ་གཙིགས་ཀྱི་ཡི་གེ་དང་ལྷའི་སྐུ་གཟུགས་རྡོ་དང་བྲག་བཅས་ལ་བརྐོ་བའི་སྲོལ་དེ་ཤིན་ཏུ་དར་ཁྱབ་ཆེན་པོ་སོང་ཡོད་པར་བོད་ཡུལ་སྟོད་སྨད་ག་ས་གང་དུ་གསལ་ལྷང་ངེར་གནས་ཡོད་པ་སྟེ། བོད་ཤར་ཕྱོགས་ཀྱི་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་རི་མདའ་ཡུལ་གྱི་ལྡན་མ་བྲག་རྩ་ཞེས་འབོད་པའི་བྲག་ལྡེབས་སུ་བརྐོས་པའི་ལྡན་མའི་བཀའ་གཙིགས་བྲག་བརྐོས་ཡི་གེ ལོ་རྒྱུས་ཁག་གཅིག་ལས་འདི་དང་གཤམ་དུ་དྲངས་པའི་འབིས་ཁོག་བྲག་བརྐོས་གཉིས་བྲག་བརྐོས་ནང་དོན་འདྲ་བའི་དབང་གིས་འབིས་ཁོག་བྲག་བརྐོས་ལ་ལྡན་མ་བྲག་རྩ་ཞེས་ངོས་བཟུང་བ་དེ་ནོར་ཡོད་པར་འདྲ།

         བྲག་བརྐོས་ནང་དོན་གཙོ་བོ་རྣམ་པར་སྣང་མཛད་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་བརྙན་དང་། འཕགས་པ་བཟང་སྤྱོད་ཀྱི་སྨོན་ལམ། སྦྱར་བྱང་ཡི་གེ་བཅས་ཁག་གསུམ་བརྐོས་ཡོད། སྐྱེ་རྒུ་མདོའི་ཤར་ལྷོའི་མཚམས་ཀྱི་དཔལ་ཐང་ནས་བྱང་ཕྱོགས་སུ་འབབ་པའི་དཔལ་ཆུ་ལྡོག་བརྒྱུད་ནས་སྤྱིའི་ལེ་དབར་ཉེར་ལྔ་ཙམ་སོང་ཙ་ན་ལུང་པ་ཁ་ལྷོ་ནུབ་ཕྱོགས་སུ་འཁོར་བའི་འབིས་ཁོག་ལུང་པའི་ནང་དུ་བརྐོས་པའི་རྣམ་སྣང་གཙོ་འཁོར་དང་བྲག་བརྐོས་ཡི་གེ འདི་ཡང་ཡུལ་དེ་གའི་དམངས་ཁྲོད་ཀྱི་བཤད་རྒྱུན་དུ་རྒྱ་བཟའ་སྔ་ཕྱི་གཉིས་ལ་ཁུངས་གཏུགས་ཡོད་ཀྱང་དོན་དུ་བྲག་བརྐོས་ཀྱི་དཀར་ཆག་ལས་ཁྲི་ལྡེ་སྲོང་བཙན་སྐུའི་རིང་དུ་ཡིན་པར་སྒྲུབ་བྱེད་གསལ། སྟོད་ལུང་བདེ་ཆེན་རྫོང་སྣེའུ་ཤང་ཁོངས་དཀར་ཆུང་ལྷ་ཁང་གསར་བཞེངས་དུས་བཙུགས་པའི་རྒྱལ་ལྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་། རྡོ་རིང་དེའི་ནང་དོན་གཙོ་བོ་དམ་པའི་ཆོས་ཡུན་ཏུ་བརྟན་པར་གཙིགས་བརྣན་པས་ཆེད། ཀོང་པོ་དེ་མོ་ས་ཁུལ་ལམ་ཀོང་པོ་ཉིང་ཁྲི་རྫོང་ཁོངས་སྨན་རི་ཆུས་གོ་འཇོ་ཤང་གི་གཡུང་དྲུང་འཛིན་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པའི་ཕ་བོང་ཆེན་པོ་ཞིག་གི་ལྷོ་ནུབ་ཀྱི་ལྡེབས་ངོས་སུ་བརྐོས་པའི་བཀའ་གཙིགས་བྲག་བརྐོས་མ། བྲག་བརྐོས་ནང་དོན་གཙོ་བོ་ཀོང་དཀར་པོ་མང་པོ་རྗེ་ལ་ཡབ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བཀའ་གཙིགས་གནང་བ་དེར་སླར་ཡང་རྒྱབ་གནོན་གྱི་བཀའ་གཙིགས་འདི་གནང་ཚུལ། ལྷ་སའི་བྱང་ཤར་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་དང་པོ་དང་གཉིས་པ། རྡོ་རིང་ནང་དོན་གཙོ་བོ་བན་དེ་མྱང་ཏིང་ངེ་འཛིན་ལ་ཞལ་བཞེས་ཡི་གེ་དུས་གཏན་དུ་གནང་བ། གཞན་ད་དུང་ཡུལ་ཤུལ་ལེབ་ཁོག་བྲག་བརྐོས་ཡི་གེ་དང་ལྷོ་བྲག་བྲག་བརྐོས་ཡི་གེ་སོགས་ཀྱང་བཙན་པོ་འདིའི་རིང་དུ་ཁེལ་ཡོད་པ་བཅས་ལ་དཔྱད་གཞི་བྱས་ན་འདི་ཡང་ཡབ་ཁྲི་སྲོང་ལྡེའུ་བཙན་བསྟོད་བཀུར་ཚུལ་དུའམ་སེམས་ཅན་བདེ་སྐྱིད་ཆེད་དུ་རྒྱ་བོད་ཕོ་ཉ་གང་རུང་ཞིག་གིས་བརྐོས་པ་ལས་རྒྱ་བཟའ་སྔ་ཕྱི་གཉིས་ཀ་དང་འབྲེལ་བ་མེད་པར་རྟོགས་ཐུབ། སྤྱིར་བཏང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་སྲུང་སྐྱེལ་མཁན་གཙོ་གྲས་རྒྱའི་དམག་དཔོན་ཆེན་པོ“杨矩”ཟེར་བ་ཞིག་ལྷན་དུ་ཡོད་པར་འདྲ་ཡང་“杨二”དང“杨矩”གཉིས་བར་ལ་འབྲེལ་བ་ཡོད་མེད་དང་ཁྱད་པར་དུ་ཡིག་གཟུགས་དོགས་གཞི་ཅན་དེས་ཁུངས་ལུང་མི་ཡོང་བར་མ་ཟད་ལམ་ཕྱོགས་འདིའི་ཐད་ནས་ཡོང་ཡོད་མེད་ལ་ཡང་བློ་དོགས་ཀྱི་གནས་སུ་གྱུར། གང་ལྟར་ཡབ་ཁྲི་སྲོང་ལྡེའུ་བཙན་དང་སྲས་ཁྲི་ལྡེའུ་སྲོང་བཙན་གང་གི་སྐབས་སུ་ཡིན་ཡང་རྒྱ་བཟའ་སྔ་མ་ཅི་ལ་རྗེས་མའང་ཁྲི་སྲོང་མ་འཁྲུངས་གོང་སྔོན་ཙམ་ནས་འདས་པས་དུས་ཚོད་ཀྱི་ཧེ་བག་སོགས་གང་ལ་བལྟས་ཀྱང་གཏན་ནས་མཐུན་ཐབས་མེད། ཁུངས་ལུང་མེད་པའི་རྡོ་རྗེ་སྐེད་བཟུང་གི་ངག་རྒྱུན་དེ་དག་ནི་ངོ་དགའ་ཕྱོགས་འཐེན་ཙམ་ལས་དཔྱད་གཞིར་མ་མཆིས། དེ་དང་དེ་ལྟ་བུ་བོད་ཡུལ་དུ་གང་ཡོད་རྒྱ་བལ་གྱི་བུ་མོ་ཚོས་བཟོས་བཞག་རབས་བཤད་རྒྱུན་སྙན་པོ་མང་པོ་བགྲང་རྒྱུ་ཡོད། དཔེར་ན། ལྷ་སའི་གཙུག་ལག་ཁང་ཡང་རྒྱ་བལ་བཙུན་མོ་གཉིས་ཀྱི་མཁྱེན་དཔྱོད་དང་བསྟུན་ནས་རྒྱ་མཚོའི་རླབས་ཕྲེང་སྟེང་དུ་ལྷ་འདྲེའི་ཁྱུ་ཚོགས་ཀྱིས་བཞེངས་བསྐྲུན་བཟོས་ཚུལ་སྒྲུང་གཏམ་ཡ་མཚན་པོ་དང་འདྲ་ཆགས་པོ་བློ་ཡུལ་དུ་མི་ཤོང་བ་སྨྲ་རྒྱུ་ཡོད། དོན་དུ་དགེ་ཆོས་མཆོག་གིས་གསུངས་པ་ལྟར་རྒྱ་གར་གྱི་ཆུ་བོ་གངྒཱའི་འགྲམ་ན་ཆགས་པའི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ལ་དཔེར་བླངས་ནས་བཞེངས་གསུངས་པ་ལས་མི་འདའ་སྟེ། གསེར་ཐང་ལས། གཙུག་ལག་ཁང་འདི་གཉིས་ཀའི་ནང་གི་ཀ་བའི་ཤུལ་རྣམས་ཀྱང་ཕན་ཚུན་འཕྲོད་ཐུབ་པ་ལྟ་བུ་ཞིག་རེད་ཅེས་གསུངས་ཡོད་པ་མ་ཡིན་ནམ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1