༄༅། །མི་ཉག་བཞག་བྲ་ལྷ་རྩེ།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-09


           བཞག་བྲ་ལྷ་རྩེ་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་མཚམས་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཞི་བདེ་ཡུལ་ཤོག་གི་ས་ཁོངས་སུ་གནས་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི་5820ཡོད་ཅིང་། གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན། ཤར་སྨད་གངས་དཀར་དང་ཕན་ཚུན་ཞལ་གཟིགས་གནང་བ་ཇི་བཞིན་གནས་ཡོད།
          བཞག་བྲ་ལྷ་རྩེ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་དང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་སོགས་ཀྱི་ནང་དུ་ཤར་སྟོད་བཞག་བྲ་མགོན་པོར་འབོད་པ་ཡིན་ལ། སྟོད་དུ་རབ་དཀར་དུས་བཞིའི་རང་མདངས་ཀྱི་གཞན་དབང་དུ་མ་ཡོལ་བ་གངས་ཀྱི་ཀ་བ་མཁའ་ལ་ཟུག་པའི་དཀར་གསལ་འོད་དུ་མཚེར་བའི་བརྗིད་ཉམས་ཀྱི་འགྱིང་ངེར་གནས་ཤིང་། དབྱར་དུས་སུ་རི་སྐེད་ཆུ་འཛིན་དང་སྨུག་རླངས་ཀྱི་སྐ་རགས། དབང་པོའི་གཞུ་ཡི་དར་དཔྱང་གྱི་མཛེས་སྡུག་སྤྲས་པ། རི་བོའི་ལྗོངས་སུ་སྔོ་ལྗང་གཡུ་ལོ་མརྒད་ཀྱི་རང་མདངས་སུ་མངོན་པའི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་མཛེས་སྡུག་བསམ་གྱིས་མི་ཁྱབ་པའི་གངས་རི་དང་ཆབ་རོམ། ནགས་ཚལ། རྦབ་ཆུ། མཚེའུ་དང་ཆུ་ཚན་སོགས་མཉམ་འདྲེས་གཅིག་གྱུར་གྱི་རང་བྱུང་ཡུལ་ལྗོངས་མིག་གི་དགའ་སྟོན་དུ་ལྷག་ཅིང་། གངས་འཁྱགས་བཞུ་བའི་ཆུ་ཕྲན་གཅིག་ཏུ་འདུས་ཤིང་རླབས་ འཐོར་བའི་ཟེགས་མ་མུ་ཏིག་གི་དོག་པ་དྲག་ཞུམ་སྤེལ་མའི་རྣམ་པས་ལང་ལིང་དུ་འཐོར་ཞིང་། རྟ་མཆོག་སྲབ་མེད་གཅིག་དང་མཚུངས་པར་ཆད་མེད་དུ་རྒྱུ་བས་མཛེས་སྡུག་དགའ་སྟོན་གྱི་དཔལ་དུ་གྱུར། ཕྱོགས་བཞིའི་ངོས་ནས་ལྗོན་ཤིང་གཡུ་ཡི་ལོ་འདབ་ཀྱི་ཡལ་ག་དུད་པའི་ཁྲོད་ནས་དྲི་ངད་ལྡན་ཞིང་སུར་དཀར་བ་ལུའི་དངུལ་གྱི་མེ་ཏོག་བཞད་པའི་ཟླ་ལ། སུར་ནག་གསེར་གྱི་པད་ཁའི་སྤོས་དྲི་ཁོར་ཡུག་ཀུན་ཏུ་ཁྱབ་པ། སྔོ་བསངས་ལྷ་ཤིང་ཤུག་པའི་ཡལ་གའི་རྩེ་ནས་མགྲིན་བཟང་དཔྱིད་ཀྱི་ཕོ་ཉ་སྦྲང་ཆར་གྱིས་མྱོས་པའི་ཀུ་ཧུའི་དབྱངས་སུ་གྱེར་བས་སྐྱེ་དངོས་རྩི་ཤིང་སོགས་ལ་ཚེ་སྲོག་གི་གསོན་ཤུགས་སྟེར་བ། བདག་པོས་ཡོངས་སུ་མ་བཟུང་བའི་རང་བྱུང་སྐྱེ་དངོས་རྩི་བཅུད་ལ་ལོངས་སུ་སྤྱོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་གྲངས་མེད་ཅིང་། ཤ་གནའ་རྒོ་གསུམ་སོགས་ཕན་ཚུན་རྩེ་དགའི་རྭ་རྩེད་ངོམ་བཞིན་འཚེ་མེད་བག་ཡངས་སུ་རང་དགར་རྒྱུ་བ། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་གྱི་རིགས་སྣ་ཚོགས་ཕན་ཚུན་ངར་སྒྲ་སྒྲོགས་བཞིན་མཆོངས་ལྡིང་བྱེད་པ།  སྤྲ་དང་སྤྲེའུ་རིགས་སོགས་ལྗོན་ཤིང་གི་རྩེ་ནས་འཁྱུད་ཅིང་འཁྱུག་བཞིན་རྩེ་དགའ་ལ་རོལ་བ། མཁའ་དབྱིངས་སུ་ཁྲི་གདུགས་ཉི་མའི་གཟི་འོད་ཀྱི་བཀྲག་མདངས་འཚེར་ཞིང་ལྷག་པར་བརྗིད་ཉམས་ལྡན་པའི་རང་འོད་ནོར་འཛིན་ཐ་གྲུ་ཀུན་ཏུ་ལྷམ་མེར་གསལ་བ། ལྟ་བས་ཆོག་མི་ཤེས་པའི་གངས་རིའི་མཛེས་སྡུག་མངོན་པར་མཐོ་ཞིང་། གངས་འཁྱགས་ཤེལ་དཀར་ སྤུངས་བའི་མཆོད་རྟེན་གྱི་གཟུགས་སུ་ཐོན་པའི་རི་རྒྱུད་རང་བྱུང་དུ་གྲུབ་པ། བོད་པ་རྣམས་ཀྱིས་བཞག་བྲ་ལྷ་རྩེ་ཞེས་པའི་གནས་རི་འདི་ལ་དད་འདུན་གྱི་བསངས་མཆོད་དང་། རི་ཀླུང་ཀུན་ཏུ་དྲི་བཞོན་དང་འགྲོགས་པའི་རླུང་རྟ་དང་མེ་ཏོག་སྣ་ཚོགས་བར་མེད་དུ་འཐོར་བཞིན་གནས།  གངས་རིའི་འདབས་ཀྱི་འགྲམ་ངོགས་སུ་སྤང་ལྗོངས་གཡུ་ཡི་མནྜལ་མེ་ཏོག་གིས་ཚོམ་བུའི་བཀྲ་ཞིང་དྭངས་གསལ་མེ་ལོང་གཙང་མའི་མདངས་ལ་འཁུ་བའི་མཚོ་དང་མཚེའུ་ལ། གསེར་གྱི་ངང་པ་དང་དངུལ་གྱི་ཤང་ཤང་དུང་གི་ཁྲུང་ཁྲུང་སོགས་རིན་ཆེན་སྲོག་ཆགས་མང་པོའི་མགྲིན་པའི་རྫ་རྔ་ཁྲོལ་བའི་དབྱངས་ཀྱིས་སྐྱེ་འགྲོའི་ཐོས་འཛིན་བདེ་སྐྱིད་ཀྱི་གསོས་སུ་འདེབས་པ།    ལོ་རེའི་དཔྱིད་དུས་སུ་་ཁམས་པའི་ས་ཁུལ་གྱི་བོད་དམངས་ཡོངས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ས་ཐག་རིང་པོ་ནས་བཞག་བྲ་གཡུ་མཚོའི་མཚོ་འགྲམ་དུ་ཡོང་ནས་ལྷ་རིར་བསང་མཆོད་སོགས་འབུལ་བ་བྱས་ནས་གནས་མཇལ་བྱེད་པའི་མཛད་སྒོ་འཚོགས་སྲོལ་ཡོད་ཅིང་། ཁོང་ཚོས་མ་འོངས་རྒྱལ་ཁམས་བདེ་ཞིང་ལོ་ཕྱུག་ལེགས་པ་དང་།  གཞིས་བྱེས་མི་ནོར་ཀུན་གྱི་ཚེ་སྲོག་ལ་བར་ཆད་ཞི་ཕྱིར་རླུང་རྟའི་རྒྱལ་མཚན་སྒྲེང་ཞིང་ཤུག་པའི་དྲི་བསུང་བདུག་ནས་བཞག་བྲ་ལྷ་རྩེ་ལ་རིམ་གྲོ་བསང་མཆོད་འབུལ་བའི་གོམས་སྲོལ་རྒྱུན་འཇགས་སུ་གནང་བཞིན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1