༄༅།།སྤྱོད་ལམ་དང་ཁྲིམས་ལུགས།

རྣམ་ཐར་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09



རྣམ་ཐར་རྒྱལ།

        བོད་ཀྱི་ཚིག་མཛོད་ཆེན་མོ་ལས། སྤྱོད་ལམ་ནི་འགྲོ་སྡོད་སོགས་ཀྱི་བྱ་བའམ། སྤྱོད་པ། འགྲོ་འདུག་སྤྱོད་གསུམ་གྱི་གཤིས་ལུགས་ལ་ཟེར་བ་དང་། དུང་དཀར་ཚིག་མཛོད་ལས། སྤྱོད་ལམ་བཞི་ནི་འགྲེང་བ་དང་། འཆག་པ། ཉལ་བ། འདུག་པ་སྟེ་བཞི། ཡང་ན་ཟ་དང་། འདུག་དང་། འགྲོ་དང་། ཉལ་བའོ་ཞེས་གསུངས་ཡོད་པ་རེད། སྤྱིར་སྤྱོད་ལམ་ནི་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་འགྱུར་བ་ལས་བྱུང་བའི་འགྲོ་འདུག་ཉལ་འཆག་གི་ཕྱིའི་ཀུན་སྤྱོད་ཀྱི་རྣམ་འགྱུར་ཞིག་ལ་ངོས་བཟུང་ཆོག་པར་སྙམ། ཁྲིམས་ལུགས་ནི་བོད་ཀྱི་ཚིག་མཛོད་ཆེན་མོ་ལྟར་ན་ཁྲིམས་ཀྱི་ལུགས་སྲོལ་ལ་གོ་བས། གནའ་ནས་དེང་གི་བར་དུ་ཁྲིམས་ལུགས་ཀྱིས་མིའི་སྤྱོད་ལམ་གྱི་འོས་འགན་ལ་ཐེ་གཏོགས་དང་དབང་ཆ་ཐོབ་སྤྲོད་ཀྱི་རྩིས་ཐང་གང་མང་གནང་ཡོད་པ་རེད། ཡིན་ཡང་འཇམ་རྩུབ་ཀྱི་ཁྱད་པར་ཤོར་ཡོད་པ་རེད།

        གནའ་བོའི་མིའི་རིགས་བྱུང་བ་ནས་བཟུང་ཁྲིམས་ལུགས་ཀྱང་བྱུང་ཡོད་དེ། ཁྲིམས་ལུགས་དང་མིའི་རིགས་གཉིས་ལ་ནམ་ཡང་ཁ་འབྲལ་ཐབས་མེད་པའི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་པོར་ཆགས་ཡོད། རྒྱུ་མཚན་ནི་མིའི་རིགས་ཀྱི་སྤྱོད་ལམ་འདྲ་མིན་སྣ་ཚོགས་ཀྱིས་སྤྱི་ཚོགས་དང་མིའི་རིགས་ཀྱི་བདེ་འཇགས་ལ་གནོབ་པ་འདྲ་མིན་སྐྱེལ་ཡོང་བར་མ་ཟད། བསམ་ཡུལ་ལས་འདས་པའི་དོན་རྐྱེན་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་སྤྱི་ཚོགས་ཀྱི་ངོ་བོ་དང་མིའི་རིགས་ཀྱི་སེམས་ཁམས་ལ་གནོན་ཤུགས་གང་མང་ཐེབས་པས། ཁྲིམས་ལུགས་ཀྱིས་ཀྱང་ཡང་དག་གི་འོས་འགན་དང་དབང་ཆ་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱོད་ལམ་ལ་འདྲ་མཉམ་གྱི་ཐོབ་ཐང་རྩིས་སྤྲད་དེ། སྤྱི་ཚོགས་ཀྱི་ཁོར་ཡུག་ལ་འདྲ་མཉམ་དང་འཆམ་མཐུན་གྱི་མེ་ཏོག་ལྷུག་པོར་བཞད་དུ་བཅུག་ཚེ། ད་གཟོད་གོ་ལ་ཧྲིལ་པོའི་སྟེང་ན་བདེ་འཇགས་ཀྱི་ཁོར་ཡུག་ཅིག་དང་འབྱོར་ལྡན་གྱི་རྒྱལ་ཁབ་ཅིག་གནས་ཐུབ་པར་ཡིད་ཆེས་མོད། ད་ནི་གནད་དོན་དངོས་ལ་ཞུགས་ཏེ་མིའི་རིགས་ཀྱི་སྤྱོད་ལམ་ལས་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་ངན་ཤུགས་ག་འདྲ་ཐེབས་ཡོད་པའི་ངོ་གདོང་ལ་ཞིབ་འཇུག་དང་ཚུལ་མིན་གྱི་བྱ་སྤྱོད་ལ་བལྟས་རྗེས། རང་རེའི་མིའི་རིགས་ནི་མཐོ་རིམ་སྲོག་ཆགས་ག་འདྲ་ཞིག་ཡིན་པ་དང་སྣང་ཚུལ་ཇི་འདྲ་ཞིག་གི་འོག་ན་རང་ཉིད་ཀྱི་སྤྱོད་ལམ་ལ་ཚད་བཀག་བྱེད་མ་ཐུབ་པར་མིའི་རིགས་དང་སྤྱི་ཚོགས་ཀྱི་སྣང་བརྙན་ག་འདྲ་ཞིག་བརླག་བཞིན་པའི་ངོ་གདོང་དམར་རྗེན་གསལ་ལེར་ཤར་ཡོང་། ཡོ་འཁྱོག་མེད་པའི་ཁྲིམས་ལུགས་ཀྱིས་བརྡར་ཤ་ག་འདྲ་བཅད་ཡོད་པའང་དེང་གི་དུས་འདིར་མཐོང་ཐེངས་རེར་ཡོད་འདྲའི་ཁྲིམས་ལུགས་དང་མེད་སྙམ་གྱི་ཁྲིམས་ལུགས་གཉིས་སུ་འཆར་ཏེ་མི་རྣམས་ཐེ་ཚོམ་གྱི་ཀློང་དུ་དྲངས་འགྲོ། ཡིན་ཡང་ཁྲིམས་ལུགས་ནི་ཡོ་གཟུར་མེད་པའི་རྒྱ་མ་དང་མཚུངས་པ་གནའ་དེང་གི་འཛམ་གླིང་མཁས་པ་ཡོངས་ཀྱིས་གཅིག་མཐུན་གྱི་ལྟ་བས་གསར་དུ་བཏོན་དེ། ཁྲིམས་ལུགས་ཀྱི་མཚོན་རྟགས་ནི་ལྕི་ཡང་མེད་པའི་སྡེར་སྲང་ཞིག་མ་ཡིན་ནམ། མིའི་རིགས་ཀྱི་སྤྱོད་ལམ་ལས་བཟོས་པའི་ནག་ཉེས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལུགས་ཀྱིས་འདྲ་མཉམ་གྱི་རྒྱ་རྡོ་སྤྱད་དེ་བཙན་པོའི་མགོ་གནོན་པ་དང་གཉོམ་ཆུང་གི་མཐའ་ནས་བསྐྱོར་ཏེ་ཡོ་གཟུར་མེད་པའི་རྒྱ་སྲང་གི་སྡེར་གཞོང་དུ་འཇོག་རྒྱུ་ནི་ཁྲིམས་ལུགས་ཀྱི་འོས་འགན་གཙོ་བོ་མ་ཡིན་ནམ། དེང་སང་མི་རྣམས་ཀྱི་བཤད་ཚུལ་ལྟར་ན་ཁྲིམས་ལུགས་བཅའ་མཁན་མི་ཡིན་ལ། ཁྲིམས་ལུགས་ཀྱི་དབང་ཆ་ལག་ཏུ་བསྟར་མཁན་ཡང་མི་ཡིན་པས། མི་ནི་གནའ་ནས་ཕྱོགས་རིས་འཐེན་ཁྱེར་དང་རྒྱས་ཟ་ཧམ་འཐུང་གི་བདག་ཉིད་ཅན་དུ་གྱུར་ཡོད་པས། དེ་ཡོ་གཟུར་མེད་པའི་རྒྱ་སྲང་གི་སྡེར་གཞོང་དུ་འཇོག་པར་དཀའ་ཁག་ཆེན་པོ་ཡོད་པ་སུས་ཀྱང་ཤེས་ཡོད་ངེས། དེ་མིན་ཁྲིམས་ལུགས་ནི་འོས་འགན་དང་ལག་ཆ་ཞིག་ཏུ་བརྩི་བ་ལས། མིའི་རིགས་ཡོངས་ལ་ཁྲིམས་ལུགས་ཁྱི་ཁེ་དབང་དང་ཐོབ་ཐང་ཁ་གསལ་སྒོས་ངོ་སྤྲོད་ཀྱིན་མེད་པས། མིའི་རིགས་ཀྱིས་ཁྲིམས་ལུགས་ནི་རང་ཉིད་སྲུང་སྐྱོང་བྱེད་སྤྱད་ཅིག་ཏུ་གོ་བ་ལོན་གྱིན་མེད་པར། གཞན་གྱིས་འོས་འགན་ལག་བསྟར་བྱེད་སྤྱད་དང་རང་ཉིད་འཆིང་སྡོམ་བྱེད་སྤྱད་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་གྱིན་འདུག །

        དེར་བརྟེན། རང་ཉིད་སློབ་གསོའི་གཞི་རྐང་དང་པོ་ན་ཡོད་པའི་ཆེས་སྤྱིར་བཏང་གི་སློབ་ཆུང་དགེ་རྒན་ཞིག་ཡིན་པའི་ཆ་ནས། དུས་དེང་སང་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་ཆེ་གསུམ་གང་རུང་ན་དགེ་རྒན་ལ་ཤས་ཤིག་གིས་སློབ་མ་བུ་མོར་བཙན་གཡེམ་བྱེད་པའི་ཁྲིམས་མིན་ལུགས་མིན་གྱི་གནས་ཚུལ་ག་ས་གང་དུ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པས། ཁྲིམས་ལུགས་ཆེད་མཁས་པས་དགེ་རྒན་དེ་དག་གི་ཕྱིའི་སྤྱོད་ལམ་ལ་ཁྲིམས་ལུགས་ཀྱིས་ཚད་བཀག་དང་། སྤྱི་ཚོགས་ཀྱིས་དགེ་རྒན་གྱི་དཔུང་སྡེ་ཁག་ལ་ཚུར་སྣང་ག་འདྲ་བྱེད་བཞིན་པ་ལ་གདེང་འཇོག་དང་སྤྱི་སྡོམ་ག་འདྲ་གནང་བཞིན་ཡོད་པ་འབྲེལ་ཡོད་གསར་འགྱུར་དག་ལས་གསལ་པོར་ཤེས་ཐུབ་སྟེ། སྤྱི་ལོ་2013ལོའི་ཟླ་2པར། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་དགེ་རྒན་གྱི་ཆེད་ལས་ཚད་གཞི་སྤྱི་ལ་བསྒྲགས་ཏེ། ཡང་དག་དང་ཚད་ཐིག་ལྡན་པའི་སྒོ་ནས་དགེ་རྒན་གྱི་ཆེད་ལས་སྤུས་ཚད་གོང་དུ་སྤེལ་བར་རེ་བ་བཏོན་པ་དང་། ནུས་ཤུགས་གང་ཡོད་སྒོས་དགེ་རྒན་གྱི་ཀུན་སྤྱོད་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པར་སྐུལ་འདེད་བཏང་། དེ་མིན། སྤྱི་ལོ་2013ལོར་དགེ་རྒན་གྱིས་སློབ་མར་བཙན་གཡེམ་བྱས་པའི་དོན་རྐྱེན་ཐེངས་25ལས་བརྒལ་བ་དང་། དེའི་ནང་གི་བཙན་གཡེམ་དོན་རྐྱེན་ཐེངས་3ནི་སློབ་གྲྭའི་སློབ་གཙོས་བཟོས་པ་རེད་ཅེས་བཀོད་འདུག །

        ཚུལ་མིན་གྱི་བྱ་སྤྱོད་དེ་དག་ལ་ཆེད་མཁས་པས་བསྟན་དོན། དགེ་རྒན་ཉུང་ཤོས་ཤིག་གིས་སློབ་མ་བུ་མོ་དག་ལ་བཙན་གཡེམ་དང་འདོད་གཡེམ་བྱེད་པའི་བྱ་སྤྱོད་ལ། ཡིག་ཆ་འགའ་འགྲེམ་སྤེལ་བྱས་ཏེ་ཐག་གཅོད་བྱ་ཆོག་པ་ཞིག་གཏན་ནས་མིན། དགེ་སློབ་བར་གྱི་འབྲེལ་བ་དྲང་གཞག་ཡོང་རྒྱུ་ནི་མ་ལག་གི་བཟོ་སྐྲུན་ཚན་པ་ཞིག་ཡིན་ལ། དྭངས་གཙང་གི་མཁའ་དབུགས་ཤིག་དང་། བརྩེ་སེམས་དང་འཆམ་མཐུན་གྱི་སློབ་རའི་ཁོར་ཡུག་ཅིག་བསྐྲུན་ཏེ། འགོ་རྔ་ཡོད་པའི་དོ་དམ་གྱི་མ་ལག་ཅིག་གི་འོག་ནས་ལམ་ལུགས་དང་། ཁྲིམས་ལུགས། ཀུན་སྤྱོད་སོགས་ཀྱི་རིམ་པ་བརྒྱུད་དེ་དག་ཐེར་བྱ་དགོས་ཟེར།

        གོང་གསལ་ལས་ཤེས་ཐུབ་པ་ནི། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས་བཟོས་པའི་བཙན་གཡེམ་དང་འདོད་གཡེམ་དོན་རྐྱེན་ལ་ཕྱོགས་གཉིས་ཀྱི་སྒོ་ནས་དབྱེ་ཞིབ་བྱས་ཡོད་དེ། ཕྱོགས་གཅིག་ནི་ནན་ཏན་གྱིས་ཐག་གཅོད་བྱ་དགོས་པ་དང་ཕྱོགས་གཞན་ཞིག་ནི་ནར་མ་སོན་པའི་མི་ལ་འཁྲིག་སྤྱོད་ཀྱི་ཤེས་བྱ་དང་ལྟ་བའི་སློབ་གསོ། ཁྲིམས་ལུགས་སོགས་ཀྱིས་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བྱ་དགོས་ན། སློབ་གྲྭ་དང་ཁྱིམ་ཚང་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་མཁོ་བ་རེད།

        དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་བྱེད་དགོས་པས། དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་གཞན་དང་བསྡུར་ན་ངེས་པར་དུ་མཐོ་དགོས་ལ། དགེ་རྒན་གྱིས་སློབ་མར་གནོད་སྐྱེལ་བའི་ཚུལ་མིན་གྱི་བྱ་སྤྱོད་ཤེས་ཐེངས་རེར། ངེས་པར་དུ་ཚ་རྡུང་དྲག་པོ་གཏོང་བ་དང་ཁྲིམས་ལུགས་ཀྱིས་ཐག་གཅོད་ནན་མོ་བྱེད་དགོས་པར་མ་ཟད། དེ་དང་ཆབས་ཅིག་གསར་འགྱུར་བརྒྱུད་ལམ་ཁག་ནས་སྣང་བརྙན་རྫོབ་པོ་དེ་དག་གགི་ངོ་གདོང་དམར་རྗེན་དུ་ཕུད་དེ་མི་རྣམས་ལ་བསྟན་ནས། ཆེས་ལེགས་པའི་དགེ་རྒན་གྱི་ཀུན་སྤྱོད་སྣང་བརྙན་ལེགས་པོ་བཞེངས་སྐྲུན་བྱ་དགོས་པར་དགེ་རྒན་རེ་རེ་ཡི་བྱ་སྤྱོད་ཀྱི་ཚད་གཞི་ལ་རག་ལས་ཡོད་པར་ཤེས་སུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་པར་འདོད། དེ་ལྟར་མ་བྱས་ན་དགེ་རྒན་ཡོངས་ཀྱི་སྣང་བརྙན་ལ་རྨ་ཁ་ཚབས་ཆེན་བཟོ་སྲིད།

        མདོར་ན། སྤྱོད་ལམ་གྱིས་ཁྲིམས་ལུགས་ཀྱི་འོས་འགན་དང་ཁེ་དབང་ལ་རམ་འདེགས་བྱས་ཏེ། སྤྱི་ཚོགས་ཧྲིལ་པོའི་སྟེང་དུ་བདེ་འཇགས་དང་འཆམ་མཐུན་ཡོང་བར་བྱས་ནས་མིའི་རིགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པའི་འཇའ་ཚོན་སྣ་ལྔའི་ཁ་དོག་བཞེངས་སྐྲུན་བྱེད་ཅི་ཐུབ་བྱ་དགོས། ཁྲིམས་ལུགས་ཀྱིས་སྤྱོད་ལམ་ལ་འོས་འགན་གཅིག་པུ་ངོ་སྤྲད་དེ་རང་ཉིད་ཀྱི་མངའ་ཐང་མི་ངོམ་པར་ཁྲིམས་ལུགས་ཀྱི་ཁེ་དབང་ཡོད་ཚད་སྤྱོད་ལམ་ལ་སྤྲོད་པའམ་ཡང་ན་དྲིལ་སྒྲོག་གིས་ནུས་པ་ཆེ་རུ་བཏང་སྟེ། མིའི་རིགས་ཀྱིས་ཁྲིམས་མིན་ལུགས་མིན་གྱི་བྱ་སྤྱོད་ངན་པ་བསྒྲུབ་པར་གཏན་འགོག་བྱེད་པའི་རྩ་བའི་ཆ་རྐྱེན་བསྐྲུན་རྒྱུ་ནི་ཁྲིམས་ལུགས་ཀྱི་འོས་འགན་ལྡོག་མེད་ཅིག་རེད། སྤྱོད་ལམ་དང་ཁྲིམས་ལུགས་གཉིས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཆགས་པར་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་བདེ་འཇགས་ངང་འཆམ་མཐུན་ཡོང་བའི་ལྷིང་འཇགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོའི་རྩ་བའི་ཁག་ཐེག་རེད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1