ཞི་ཅིན་ཕིང་གིས་ཁོང་རྣམ་གཉིས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-26



        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་5ཚེས་24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ་དང་དབྱི་རན་གྱི་ཙུང་ཐུང་ལུ་ཧ་ཉི་རྣམ་གཉིས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
        རོན་ཁྲུན་ཧྥུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྐབས། ཞི་ཅིན་ཕིང་གིས་རོན་ཁྲུན་ཧྥུའུ་ལ་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རོགས་ཞེས་ཞུས་པ་དང་། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཝེ་ཐེ་ནམ་བར་རི་ཆུ་འབྲེལ་ཡོད། བློ་མཐུན་ཐོག་སྤུན་ཟླ་སྣོན་པའི་སྲོལ་རྒྱུན་མཛའ་གྲོགས་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། ཁྱིམ་མཚེས་འཆམ་མཐུན་ནི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་བའི་གནས་བབ་ཧྲིལ་པོ་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ཉེར་ཡོད་པ་དང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད་ལ། ཝེ་ཐེ་ནམ་གྱིས་ཀྱང་ལོ་བརྒྱ་ཐམ་པ་གཉིས་ཀྱི་དམིགས་འབེན་ཕྱོགས་སུ་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིག་རྒྱང་ཐོག་ནས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཝེའི་འབྲེལ་བ་མདུན་སྐྱོད་བྱེད་པའི་ཡང་དག་ཁ་ཕྱོགས་གཏན་འཁེལ་བྱེད་དགོས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་བར་མཛའ་མཐུན་བྱ་རྒྱུའི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཝེ་ཐེ་ནམ་གྱི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱིས་མུ་མཐུད་ཀྲུང་གོར་འཛིན་པའི་འབྲེལ་བ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཨང་དང་པོར་བཞག་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་ཀྲུང་ཝེའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཕྱོགས་གཉིས་པོར་ཐུན་མོང་ལ་དབང་བའི་ཕུགས་བསམ་དད་སེམས་དང་ལོ་རྒྱུས་ཀྱི་ལས་འགན་བློ་ལ་བརྟན་པོར་ངེས་ནས། ཀྲུང་ཝེའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་དགོས། ཀྲུང་ཝེའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་ཧུར་ཐག་བསྐྲུན་ནས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
        ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་མུ་མཐུད་ཏང་དང་ཏང་བར་འགྲོ་འོང་བྱེད་པའི་དམིགས་བསལ་བཟང་ཆ་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་དགོས། ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱུད་གཅིག་ལམ་གཅིག་དང་བར་ཁྱམས་གཉིས་དང་སྐོར་བ་གཅིག་གི་སྦྲེལ་མཐུད་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་པོའི་ཉོ་ཚོང་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་བྱེད་རྒྱུ་མགྱོགས་སུ་གཏོང་བ། ལས་རྣམ་གསར་པ་དང་སྒུལ་ནུས་གསར་པའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་ཞུ་སྒྲུབ་དགོས། དམངས་ཁྲོད་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་གོས་ཝེ་ཐེ་ནམ་ལ་རོགས་སྐྱོར་བྱེད་པའི་དམངས་འཚོའི་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱས་ནས་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་མང་བ་ཐོབ་པ་བྱེད་དགོས། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་། ལག་གདང་སྦྲེལ་ནས་ཏོག་གར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་ཡག་པོ་གཅོག་པ་དང་ཚོད་འཛིན་ཡག་པོ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་ལ་རིམས་ནད་འགོག་བཅོས་ཐད་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་ཡོད་པ་རེད།
        རོན་ཁྲུན་ཧྥུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ལ་ཉེ་བར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་རིམས་ནད་འགོག་བཅོས་དང་། དཔལ་འབྱོར་སླར་གསོ། དབུལ་སྒྲོལ་འགག་གཏོར་བཅས་ཀྱི་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་ནས་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་དེང་དང་འདྲ་བར་མཛེས་སྡུག་ལྡན་པ་འདི་འདྲ་ཡོང་མྱོང་མེད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོར་ལེགས་གྲུབ་ལྡན་པའི་ངང་ཡར་ལངས་ཐུབ་པ་ནས་ཕྱུག་པོ་ཆགས་པ་དང་། དེ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཀྲུང་གོར་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ཡིད་ཆེས་དང་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་སྤུན་ཟླ་དང་ཁྱིམ་མཚེས་ཡིན། ཝེ་ཐེ་ནམ་ཕྱོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཕེལ་རྒྱས་སྟོབས་ལྡན་དང་རང་ཚུགས་རང་བརྟེན་གྱི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་། རིམས་ནད་འགོག་བཅོས། གཞོན་ནུ། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཝེ་ཐེ་ནམ་དང་ཀྲུང་གོའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྐབས། ཀྲུང་གོ་དང་དབྱི་རན་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་ཀྱིས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་ཡོད་པ་དང་། དངོས་ཕན་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་ཡིད་རྟོན་ནུས་ལྡན་ངང་སྲ་བརྟན་དུ་བཏང་བ་དང་བློ་བརྟན་འགྱུར་མེད་སྒོ་ནས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱས་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་དབྱི་རན་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་བྱེད་པའི་ལོ་རྒྱུས་ཀྱི་གནས་བབ་གལ་ཆེན་ཐོག་གནས་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་དབྱི་རན་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། དབྱི་རན་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་དེ་གོ་སྐབས་སུ་བརྩིས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཀྲུང་དབྱིའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་དང་སྲ་བརྟན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དེ་དབྱི་རན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། དབྱི་རན་ཕྱོགས་ནས་རིམས་འགོག་བྱེད་པར་རང་ནུས་གང་ལྕོགས་ཀྱིས་མུ་མཐུད་དེ་རོགས་རམ་བྱེད་རྒྱུ། དབྱི་རན་མི་དམངས་རིམས་ནད་ལས་རྒྱལ་རྒྱུར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོས་དབྱི་རན་ཕྱོགས་ཀྱིས་དབྱི་རན་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་གནད་དོན་ཐད་ཀྱི་ལུགས་མཐུན་གྱི་རེ་ཞུར་རྒྱབ་སྐྱོར་བྱེད་རྒྱུ་དང་། དབྱི་རན་ཕྱོགས་དང་ལྷན་དུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ཐོག ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་དེ་སྔ་ཙམ་དྲང་བདེན་སྒོ་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་བར་མུ་མཐུད་དེ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་དང་དབྱི་རན་ཕྱོགས་དང་ལྷན་དུ་ས་ཁུལ་དང་རྒྱལ་སྤྱིའི་བྱ་དོན་གྱི་སྦྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐུན་མོང་ཐོག་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།
        ལུའུ་ཧ་ཉིས། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ལེགས་འགྲུབ་ལྡན་པའི་སྒོ་ནས་ཚོད་འཛིན་ཐུབ་པ་མ་ཟད། དབྱི་རན་སོགས་རྒྱལ་ཁབ་ལ་རིམས་ནད་འགོག་བཅོས་བྱེད་པར་རྩ་ཆེའི་རྒྱབ་སྐོར་དང་རོགས་རམ་གནང་ཡོད་པས་དབྱི་རན་ཕྱོགས་ནས་དེའི་དོན་དུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱི་རན་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་གཉིས་པོས་མཛའ་གྲོགས་མཉམ་ལས་རྒྱུན་འཁྱོངས་ཐུབ་ཡོད། དབྱི་རན་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་མེད་བརྩི་སྲུང་ཞུ་རྒྱུ་དང་། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། དབྱི་རན་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་ལྷན་དུ་འཐབ་ཇུས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་དུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། ཉེ་དུས་རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་དེས་ཕྱོགས་གཉིས་པོའི་འབྱུང་འགྱུར་གྱི་གཉིས་ཕན་མཉམ་ལས་ལ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བཏོད་ཡོད། དབྱི་རན་ཕྱོགས་ནས་ཀྲུང་གོས་དབྱི་རན་ཉིང་རྡུལ་གྱི་ཁྱོན་ཡོངས་གྲོས་ཆོད་དང་དེ་བཞིན་ཕ་ལེ་སི་ཐན་དང་དབྱི་སི་རལ་སོགས་ཀྱི་གནད་དོན་ཐད་དྲང་བདེན་ལངས་ཕྱོགས་བཟུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མུ་མཐུད་དེ་སྦྲེལ་མཐུད་མཐུན་སྦྱོར་དམ་ཟབ་བྱེད་རྒྱུ་དང་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་རིང་ལུགས་ངོ་རྒོལ་དང་རང་ངོས་ཀྱི་ཡང་དག་ཁེ་ཕན་ལ་སྲུང་སྐྱོབ་དང་ས་ཁུལ་གྱི་ཞི་བདེ་བདེ་འཇགས་ལ་སྲུང་སྐྱོབ་བཅས་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1