ཐ་ལི་པན་གྱིས་གནས་སྐབས་སྲིད་གཞུང་འཛུགས་རྩིས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-08


    ཟླ་9ཚེས་6ཉིན། ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་ཀྲ་པི་ཝུའུ་ལ་མུའུ་ཅ་ཤིས་ཏེ་ཡིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནས་སྐབས་སྲིད་གཞུང་དེ“ཉིན་ཁ་ཤས་ནང་ཚུན་དུ་འཛུགས་རྒྱུ”ཡིན་ཟེར།
   མུའུ་ཅ་ཤིས་ཏེ་ཡིས་དེ་ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཐ་ལི་པན་གྱིས་མ་འོངས་པའི་ཉིན་ཤས་ནང་སྲིད་གཞུང་གསར་པ་འཛུགས་རྒྱུ་དང་སྲིད་གཞུང་གསར་པ་ནི“གནས་སྐབས་སྲིད་གཞུང”གི་རྣམ་པ་ཞིག་ཡིན། འབྲེལ་ཡོད་གནས་སྐབས་སྲིད་གཞུང་གི་ཞིབ་ཕྲའི་གནས་ཚུལ་མགྱོགས་མྱུར་ངང་ཁྱབ་བསྒྲགས་བྱ་རྒྱུ་ཞེས་བསྟན། 
   མུའུ་ཅ་ཤིས་ཏེ་ཡིས་གནས་སྐབས་སྲིད་གཞུང་འཛུགས་རྒྱུ་ནི་མ་འོངས་པའི་སྲིད་གཞུང་གི་སྒྲོམ་གཞིའི་སྒྱུར་བཅོས་ཀྱི་གོ་སྐབས་ལྡན་ཡོད། སྲིད་གཞུང་གསར་པ་ནི་ཁོང་ཡངས་ཀྱི་རང་བཞིན་ལྡན་པ་ཞིག་དང་། དེ་སྔའི་སྲིད་གཞུང་གི་དམག་དོན་མི་སྣ་བདེ་འཇགས་སྡེ་ཁག་གསར་པའི་ནང་ཞུགས་རྒྱུ་གདན་ཞུ་བྱ་རྒྱུ་ཡིན་པ་བརྗོད། 
   མུའུ་ཅ་ཤིས་ཏེ་ཡིས། ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་མཇུག་འགྲིལ་ཟིན་ཅིང་། ཨ་ཧྥུ་ཀ་ནི་སི་ཐན་ནི་བརྟན་ལྷིང་གི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད། བཙན་འཛུལ་པས་ནམ་ཡང་ཨ་ཧྥུ་ཀ་ནི་སི་ཐན་བསྐྱར་སྐྲུན་བྱེད་མི་སྲིད་པས། ཨ་ཧྥུ་ཀ་ནི་སི་ཐན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ནི་ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱི་ལས་འགན་ཡིན་ཟེར། 
   མུའུ་ཅ་ཤིས་ཏེ་ཡིས་ཐ་ལི་པན་གྱིས་མཐའ་འཁོར་རྒྱལ་ཁབ་བར་དང་འབྲེལ་བ་བརྟན་དུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། མཐའ་འཁོར་རྒྱལ་ཁབ་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བསྐྱར་སྐྲུན་དང་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། 
   ཁོས་ད་དུང་ཁ་ཐར་དང་། ཐུར་ཁེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ནས་ཡོང་བའི་ལག་རྩལ་ཚོགས་པས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་གནམ་ཐང་གི་གཉེར་སྐྱོང་སླར་གསོ་བྱེད་ཀྱི་ཡོད་པས། མི་འགོར་བར་གནམ་ཐང་འཁོར་སྐྱོད་སླར་གསོ་ཐུབ་རྒྱུ་རེད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1