༄༅།།བོད་ཀྱི་རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་དང་ཁོའི་ལྷ་རིས་སྒྱུ་རྩལ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 09-15





བོད་ཀྱི་རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་དང་ཁོའི་ལྷ་རིས་སྒྱུ་རྩལ།


    ཉེ་ལམ། བོད་ཀྱི་སྙན་གྲགས་ཆེ་བའི་རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་གིས་རང་ཉིད་ཀྱི་གསར་དུ་པར་སྐྲུན་བྱས་པའི་རི་མོའི་དཔེ་དེབ་«ཀྲུང་གོའི་དེང་རབས་ཀྱི་སྙན་གྲགས་ཆེ་བའི་རི་མོ་བའི་དཔེ་ཚོགས་ཀྱི་ཉི་མ་ཚེ་རིང་གི་གླེགས་བམ»ཞེས་པ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་ལ་ཕུལ། དེ་སྔ་ཁོས་གསར་རྩོམ་གནང་བའི་གེ་སར་རྒྱལ་བོ་གཙོ་སྐུ་བྱས་པའི་འབག་སྐུ་དེའང་རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་གྱི་གེ་སར་ཐང་ཆེན་ན་གསོན་ཉམས་དང་བཅས་ཏེ་ཀྲོང་ངེར་འགྱིང་། རྒྱུ་རྐྱེན་དེ་དག་གི་དབང་གིས་ང་ཚོས་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་ནས་སྐྱེས་པའི་བོད་རིགས་རི་མོ་སྒྱུ་རྩལ་པ་ཉི་མ་ཚེ་རིང་ངོ་ཤེས་ལ། ཁོས་པིར་སྨྱུག་ལ་བརྟེན་ནས་གངས་ཅན་ཁ་བའི་ལྗོངས་ཀྱི་བརྗིད་ཆགས་མཛེས་སྡུག་རིས་སུ་བཀོད་པ་དང་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་བསྟོད་བསྔགས་བྱས། ཁོའི་རི་མོ་ལ་ལོ་རྒྱུས་ཀྱི་ནང་དོན་དང་འཇིག་རྟེན་ལྟ་བས་ཕྱུག་པར་མ་ཟད། མི་སེམས་སྒུལ་བར་བྱེད་པའི་སྟོབས་ཤུགས་ལྡན། དཔྱད་བརྗོད་མཁན་རེ་འགས་ཉི་མ་ཚེ་རིང་གིས་བོད་ཀྱི་རི་མོའི་སྒྱུ་རྩལ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་བཏང་བ་དང་། གྲངས་ཉུང་མི་རིགས་ཀྱི་མཛེས་རྩལ་ལོ་རྒྱུས་སྟེང་སྔར་སོང་རྗེས་མཐུད་ཀྱི་དུས་རབས་ལས་བརྒལ་བའི་དོན་སྙིང་ལྡན་པར་བཤད།  1944ལོར། ཉི་མ་ཚེ་རིང་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་འབའ་ཐང་ནས་སྐྱེས་ཤིང་། རྗེས་སུ་གངས་རི་ར་བས་བསྐོར་བའི་རིག་གནས་གནའ་མཁར་སྟེ། དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་དུ་གནས་སྤར། གནས་དེ་རུ་བརྔམ་བརྗིད་ལྡན་པའི་སྡེ་དགེ་དཔར་ཁང་དང་། ཚོན་མདངས་རྣམ་པར་བཀྲ་བའི་ལྡེབས་རིས། གསོན་ཉམས་ལྡན་པའི་ལི་སྐུ་དང་འཇིམ་སྐུ། དེ་དག་ཡོད་ཚད་ཀྱིས་ཉི་མ་ཚེ་རིང་གི་སེམས་ལ་བག་ཆགས་ཟབ་མོ་བཞག་པ་དང་། ཁོའི་རྗེས་ཕྱོགས་ཀྱི་སྒྱུ་རྩལ་འཚོ་བར་རྨང་གཞི་བཟང་བོ་བཏིང་།1957ལོར་ཉི་མ་ཚེ་རིང་གིས་ཟི་ཁྲོན་མཛེས་རྩལ་སློབ་གླིང་མི་རིགས་འཛིན་གྲྭ་ནས་སློབ་སྦྱོང་བྱས་ལ། སྒྱུ་རྩལ་གྱི་སློབ་གསོ་བཟང་བོ་ཞིག་མྱང་བ་དང་། ཁོས་སྐྱ་རིས་དང་གཟུགས་མཚོན། ཚོན་མདོག་སོགས་རི་མོ་འབྲི་བའི་རྨང་གཞིའི་ལག་རྩལ་ཁོང་དུ་ཆུད་པར་བྱས་པའི་དུས་མཚུངས་སུ་རྒྱལ་ཁབ་ཕྱི་ནང་གི་མཛེས་རྩལ་ཤེས་བྱར་སློབ་སྦྱོང་བྱས་ཏེ། མཛེས་དཔྱོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཕྱོགས་མང་པོའི་ཆུ་ཚད་ཇེ་མཐོར་བཏང་། 1976ལོར། དཀར་མཛེས་བོད་ལུགས་རི་མོ་ཁང་བཙུགས་རྗེས། ཉི་མ་ཚེ་རིང་གིས་བོད་ལུགས་རི་མོ་ཁང་གི་ཡོན་ཀྲང་གཞོན་པའི་འགན་བཞེས། སྔ་རྗེས་སུ་དངོས་ཡོད་འཚོ་བ་མཚོན་པའི་བརྐོས་རིས་བརྩམས་ཆོས་མི་ཉུང་བ་གསར་སྐྲུན་བྱས། འོན་ཀྱང་བོད་རིགས་རི་མོ་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་མི་རིགས་ཅན་གྱི་ལམ་དུ་བསྐྱོད་དགོས་ལ། དུས་རབས་ཀྱིས་དེ་སྔོན་མི་རྣམས་བརྒྱུད་མ་མྱོང་བའི་མཛེས་རྩལ་གསར་རྩོམ་གྱི་ལམ་དུ་བསྐྱོད་པར་འབོད་སྐུལ་བཏང་། ཉི་མ་ཚེ་རིང་གིས་སྔ་རྗེས་སུ་མཐར་ཕྱིན་པའི་སློབ་གྲོགས་རྣམས་དང་མཉམ་དུ་བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་ཡང་བསྐྱར་སློབ་སྦྱོང་བྱེད་པར་སེམས་ཐག་བཅད། ཁོ་ཚོ་དམངས་ཁྲོད་དུ་འགྲོ་བ་དང་། ལྡེབས་རིས་ལད་འབྲི་བྱེད་པ། ཐང་ཀ རས་གཞི་བཀོད་སྒྲིག ཐིག་རིས། བཟོ་དབྱིབས་མཛེས་རྒྱན། ཚོན་མདངས་སོགས་ཀྱི་ཕྱོགས་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱས། སྤྲོ་སྣང་གིས་ཁོ་ལ་རིག་པའི་ཀློང་བརྡོལ་དུ་བཅུག་ལ། ཁོ་ཚོས་མཇུག་མཐར་ཐང་ཀའི་རི་མོའི་རྨང་གཞིའི་སྟེང་སྤོབས་པ་ཆེན་པོས་གསར་སྐྲུན་བྱས་པ་དང་། རྣམ་པ་གསར་བ་ལྡན་པའི་ཐང་ཀ་གསར་བ་གསར་རྩོམ་བྱས། ཉི་མ་ཚེ་རིང་དང་རི་མོ་བ་བརྒྱད་ཀྱིས་མ་འོངས་བར་རེ་བ་ཆེན་པོ་བཅངས་ཡོད་པ་དང་། སྟོབས་ཤུགས་གཅིག་བསྡུ་བྱས་ཏེ་ཉིན་མཚན་མེད་པར་བྱ་བ་སྒྲུབ་པའི་འབྲས་བུར་«གླིང་གེ་སར་རྒྱལ་བོ།»དང་«བཀྲ་ཤིས་བདེ་ལེགས།» «ཀྲུའུ་ཏེས་དགེ་སྟག་སྤྲུལ་སྐུ་ལ་ཐུག་འཕྲད་གནང་བ»བཅས་ཐང་ཀའི་བརྩམས་ཆོས་གསར་བ་གསུམ་ཐེངས་དང་པོར་གསར་རྩོམ་བྱས། མི་རིགས་ཀྱི་ཁྱད་ཆོས་ཧ་ཅང་འབུར་ཐོན་ཡིན་པའི་བརྩམས་ཆོས་དེ་དག་གསར་རྩོམ་བྱས་པས། བོད་རིགས་སྒྱུ་རྩལ་པ་དང་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། བརྩམས་ཆོས་དེ་དག་པར་ཐེངས་ས་ཡ་འགའ་པར་སྐྲུན་བྱས་ཀྱང་མི་རྣམས་ཀྱི་དགོས་མཁོ་སྐོང་དཀའ་བའི་སྣང་ཚུལ་བྱུང་བ་དང་། བརྩམས་ཆོས་དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་ཁས་ལེན་ཐོབ། དེའི་ནང་«གླིང་གེ་སར་རྒྱལ་བོ།»ཞེས་པ་དེ1982ལོར་ཧྥ་རན་སིའི་སྟོན་ཁའི་སྤྲོ་གླེང་ཁང་འགྲེམ་སྟོན་ལ་ཞུགས། དེའི་རྗེས་སུ་ཉི་མ་ཚེ་རིང་དང་ཁོའི་ལས་གྲོགས་རྣམས་ཀྱིས་ཐང་ཀ་གསར་བ་མང་པོ་གསར་རྩོམ་བྱས་ལ། ཐེངས་གང་མང་ཞིག་ལ་རྒྱལ་ཁབ་ཕྱི་ནང་ནས་འགྲེམ་སྤེལ་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ལས་རིགས་ནས་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ།   གསར་རྩོམ་གྱི་ལག་ལེན་བརྒྱུད་ནས། ཉི་མ་ཚེ་རིང་གིས་བོད་ཀྱི་སྲོལ་རྒྱུན་རི་མོ་རྒྱུན་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ་འཛམ་གླིང་ལ་ཁ་ཕྱོགས་དགོས་ན། ངེས་པར་དུ་ནང་བསྟན་ཆོས་ལུགས་དང་བོད་ཀྱི་ཞབས་བྲོར་ཞིབ་འཇུག་བྱེད་པ་སོགས་འདུས་པའི་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཏེ། རིག་གནས་ཀྱི་ངོས་ཐད་ནས་བོད་མི་རིགས་ཀྱི་དུས་ཡུན་རིང་བོའི་མཛེས་དཔྱོད་ལྟ་བ་དམ་འཛིན་བཟང་བོ་བྱེད་དགོས་པ་དང་། བོད་མི་རིགས་ཀྱི་གཏིང་ཟབ་པའི་རིག་གནས་ཤུལ་བཞག་དང་དངོས་ཡོད་ཀྱི་འཚོ་བའི་ཁྲོད་བསམ་པའི་འཚོ་བཅུད་བསྡུ་ལེན་བྱེད་དགོས་པའི་ངེས་ཤེས་ཟབ་མོ་སྐྱེས། དེར་བརྟེན་ཉི་མ་ཚེ་རིང་ཡང་བསྐྱར་བོད་ཁུལ་དུ་སོང་སྟེ། དགོན་པའི་རི་མོར་མཁས་པའི་གྲྭ་བཙུན་དགེ་རྒན་ལ་བསྟེན་པ་དང་། བོད་རིགས་ཀྱི་མཁས་པ་མང་པོར་གྲོགས་སྒྲིག མཇལ་བ་རྣམས་དང་འདྲ་བར་ལོ་མང་བོའི་དུས་ཚོད་སྤྱད་དེ་ཐེངས་མང་བོར་ནང་བསྟན་སྒྱུ་རྩལ་གྱི་གནས་མཆོག་འདུ་ཁང་དུ་སོང་བར་མ་ཟད། མདོ་དབུས་མཐོ་སྒང་གི་དགོན་སྡེ་མང་བོར་གནས་མཇལ་དུ་སོང་སྟེ། «བོད་རིགས་ཐང་ཀའི་ལོ་རྒྱུས་དང་དེའི་སྒྱུ་རྩལ་ཁྱད་ཆོས།»ཞེས་པ་དང་། «འདུ་ཁང་བྲག་ཕུག་གི་བོད་རིགས་ལྡེབས་རིས།»ཞེས་པ་སོགས་བསམ་བློ་ཐུན་མོང་མ་ཡིན་པ་ལྡན་པའི་དཔྱད་རྩོམ་མང་བོ་བྲིས། དེ་དང་ཆབས་གཅིག ཁོས་ད་དུང་ཀྲུང་གོ་དང་ཕྱི་གླིང་བའི་མཛེས་རྩལ་ལོ་རྒྱུས་ལ་གཏིང་ཟབ་སྒོས་ཞིབ་འཇུག་བྱས་པ་དང་། ཁོས་དུས་རྒྱུན་བོད་རིགས་ཀྱི་གནའ་བོའི་རིག་གནས་དང་ཕྱི་ཡོང་རིག་གནས་གཉིས་ཀྱི་སྒྱུ་རྩལ་ལ་བསམ་གཞིགས་བྱེད་བཞིན་ཡོད། ཁོས་དུས་སྐབས་དེར་གསར་རྩོམ་བྱས་པའི་«གངས་ལྗོངས།»དང་«ཚེ་སྲོག»སོགས་བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོར་རྣམ་པ་གསར་བ་བྱུང་། ཐང་ཀའི་གསར་རྩོམ་གྱི་གཏན་འཇགས་ཀྱི་རྣམ་པ་རྙིང་བ་ལས་ཐར་བ་དང་། བརྗོད་གཞིར་ཐད་ཀར་འབྲེལ་བ་མེད་པའི་རྒྱན་སྤྲས་ཐབས་རྩལ་མཁོ་མེད་རྩ་བ་ནས་བསྒྱུར་ཏེ། འཆར་ཡན་རིང་ལུགས་ཀྱི་མཚོན་ཐབས་ལ་ཤུགས་སྣོན་བྱས་ནས། བརྩམས་ཆོས་ཀྱི་བརྗོད་གཞི་རིམ་བཞིན་གཏན་ཚིགས་དང་ལྡན་པར་བྱས། བརྩམས་ཆོས་«ལོ་ཟླའི»ཁྲོད་ཀྱི་དུས་ཡུན་ཧ་ཅང་རིང་བོ་འགོར་བའི་སྡོང་བོ་དང་། ཉི་ཟླ། འབྲི་གཡག་སོགས་ཀྱི་སྣང་བརྙན་དང་རས་གཞིའི་བཀོད་སྒྲིག་ཡང་མི་རིགས་ཀྱི་རི་མོའི་ཕྱིའི་རྣམ་པ་ལད་འབྲི་བྱས་པ་ཙམ་མ་ཡིན་པར། བརྗོད་སྙིང་ལྟར་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཤིང་། རི་མོ་འབྲི་སྐབས་རང་ཉིད་ཀྱི་ཁྱད་དུ་འཕགས་པའི་རིང་ལུགས་རང་བཞིན་གྱིས་མངོན་པར་བྱས།  ཉི་མ་ཚེ་རིང་གིས་སྒྱུ་རྩལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། དེ་སྔ་པཎ་ཆེན་སྐུ་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཟེངས་བསྟོད་ཐོབ་མྱོང་ལ། “པཎ་ཆེན་སྐུ་ཕྲེང་བཅུ་བའི་རི་མོའི་སློབ་དཔོན”གྱི་གོ་གནས་བསྩལ་མྱོང་། ཁོས་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་མདུན་ནས་བྱ་བ་སྒྲུབ་པའི་སྐལ་བ་ལྡན་ནས། པཎ་ཆེན་རིན་པོ་ཆེ་དང་མཉམ་དུ་གཟིགས་ཞིབ་ཏུ་སོང་བ་དང་། པཎ་ཆེན་གྱི་བཀའ་གསུང་དང་ལེན་བྱས་ཏེ“པཎ་ཆེན་སྐུ་ཕྲེང་བཅུ་བ”བརྗོད་བྱ་ཡིན་པའི་ལྡེབས་རིས་ཆེན་མོ་གསར་རྩོམ་བྱས།  དེ་ནས་བཟུང་། ཁོ་རང་“པཎ་ཆེན་སྐུ་ཕྲེང་བཅུ་བའི་རི་མོ་བའི”ངོས་ནས་བོད་ལྗོངས་སུ་འགྲོ་བའི་གོ་སྐབས་བྱུང་ཞིང་། མཚོ་སྔོན་གྱི་དགོན་སྡེ་ཆེན་པོ་དག་དང་བོད་རིགས་ཀྱི་རིམ་པ་མཐོ་བའི་མཁས་པ་ལ་འབྲེལ་འདྲིས་བྱས་པ་དང་། མི་གཞན་གྱིས་མཐོང་དཀའ་བའི་ལོ་རྒྱུས་ཀྱི་སྒྱ་རྩལ་བརྩམས་ཆོས་ལ་བལྟ་སྦྱོང་བྱས་པ་ལས་ཁོའི་མིག་རྒྱ་བསྐྱེད་ཅིང་། རི་མོ་འབྲི་བའི་སྒྱུ་རྩལ་ལ་ཡང་བསྐྱར་འཕུར་མཆོང་གསར་བ་ཞིག་བྱུང་། འཛམ་གླིང་གི་ས་གནས་སོ་སོའི་མི་རྣམས་ཀྱིས་ཡིད་སྨོན་གུས་བཀུར་གྱིས་མཚོ་བོད་མཐོ་སྒང་གི་ཁྱད་མཚར་བའི་ས་གཞི་དེར་ལྟ་ཞིབ་བྱེད་པ་དང་། བོད་མི་རིགས་ཀྱི་རླབས་ཆེ་བའི་རིག་གནས་ཀྱི་རྒྱུད་འཛིན་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་འཚོལ་སྙེགས་བྱེད་སྐབས། སྤྲོ་སེམས་རབ་ཏུ་མི་འཕེལ་བ་གཅིག་ཀྱང་མེད་ལ་ཚང་མ་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད། འོན་ཀྱང་ཉི་མ་ཚེ་རིང་གི་རི་མོའི་བརྩམས་ཆོས་ལ་ལོ་རྒྱུས་ཀྱི་ནང་དོན་དང་འཇིག་རྟེན་གྱི་ལྟ་བས་ཕྱུག་པར་མ་ཟད། མི་སེམས་སྒུལ་བའི་ནུས་ཤུགས་ལྡན།  མཚོ་བོད་མཐོ་སྒང་ནི་དྲི་མེད་དྭངས་གཙང་གི་སེམས་པའི་ཁྱིམ་གཞིས་ཞིག་ཡིན། མཐོ་སྒང་མིའི་བསམ་པར་བྱ་རྒོད་ནི་གནམ་ས་སྦྲེལ་བའི་ལྷ་བྱ་ཡིན་པར་བརྟེན། ཚེ་སྲོག་གི་རྣམ་ཤེས་གངས་རིའི་བར་དུ་རང་དབང་གིས་ལྡིང་སྐོར་བྱེད་དུ་འཇུག་ཐུབ། ཉི་མ་ཚེ་རིང་གི་«གནམ་སའི་བར་ན།»ཞེས་པའི་བརྩམས་ཆོས་ཀྱི་རས་གཞིའི་བཀོད་སྒྲིག་ལེགས་ཤིང་བློ་སྤོབས་ཆེ་ཞིང་གསོན་ཉམས་ལྡན་པའི་སྒོ་ནས་མཐོ་སྒང་གི་ཁྱད་དུ་འཕགས་པའི་དུར་མཆོད་གོམས་སྲོལ་མངོན་པར་མཚོན་ཡོད་པ་དང་། «འདས་ལོག»ཅེས་པ་ལས་ཞིབ་བསྡུར་གཙོར་བཟུང་སྟེ་མི་རྣམས་ཀྱིས་ལྷ་ཡུལ་ལ་རེ་སྙེགས་བྱེད་པའི་སེམས་འདུ་གསལ་བོར་མཚོན་ཡོད། «འཕགས་སའི་རེ་སྨོན།»ལས་རི་མོ་བས་གྲང་བའི་ཚོན་མདངས་སྤྱད་པ་དང་། འུ་བརྗོད་ཀྱི་བསམ་ཚུལ་གྱིས་ཡངས་པའི་འཇིག་རྟེན་སྟོང་དབྱིངས་དང་ཉི་ཟླ་སྐར་གསུམ་གྱི་ངོ་མཚར་མཚོན་ཡོད། ཁོང་གི་«ཉི་མ་དང་ཆེས་བར་ཐག་ཉེ་བའི་ས་ཆ།»ཞེས་པའི་ནང་ས་དམར་སྟེང་གི་ཉི་འོད་ཚ་མོས་ས་གཞི་འཇིགས་པར་བྱས་ཀྱང་། སྐྱི་པགས་ནག་པའི་མི་རྣམས་ཀྱིས་དེར་དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་ལ། འཕུར་བསྐྱོད་བྱེད་པའི་རྡུལ་རླུང་དང་བརྟན་བརླིང་གི་རྡོ་དག་ཁོ་ཚོའི་གྲོགས་སུ་གྱུར་འདུག་པ་བཅས་ལས་བྲག་བརྐོས་རི་མོའི་ལོ་རྒྱུས་རིང་བོ་ལྡན་པའི་བོད་མི་རིགས་ལ་བྲག་རི་ལྟར་འགྱུར་མེད་ཀྱི་སྙིང་སྟོབས་ལྡན་པ་མཚོན་པར་བྱས་འདུག
  ཉི་མ་ཚེ་རིང་གི་རི་མོའི་བརྩམས་ཆོས་ཁྲོད། ནམ་མཁའ་དང་སྤྲིན་དཀར་བྲིས་པ་ཧ་ཅང་ཉུང་བ་དང་། རྩྭ་ཐང་གཞི་རུ་ནོར་ལུག་བཀྲམས་པའི་འཆར་ཡན་རྣམ་པ་ཡང་མེད་པར། ཁོའི་སྒྱུ་རྩལ་གྱི་སྨྱུག་རྩེ་མིའི་རིགས་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལ་ཆགས་ཡོད་པ་དང་། མིའི་རིགས་ཀྱི་སྙིང་སྟོབས་ལ་གཏིང་ཟབ་པའི་སྒོ་ནས་བསམ་གཞིགས་བྱེད་བཞིན་ཡོད། ཁོའི་བརྩམས་ཆོས་ལ་ལྟ་སྐབས། ཁྱེད་ཀྱིས་སྙིང་ཁོངས་ལ་ཟུག་གཟེར་གྱི་ཚོར་བ་ཟབ་མོ་ཞིག་ཉམས་སུ་མྱོང་ཐུབ། སྐབས་དེར། ཉི་མ་ཚེ་རིང་ནི་རི་མོ་བ་ཞིག་ཡིན་ནམ་གཏན་ཚིགས་རིག་པའི་མཁས་ཆེན་ཞིག་ཡིན་པ་གསལ་འབྱེད་བྱེད་མི་ཐུབ། ཉི་མ་ཚེ་རིང་གིས་བཤད་རྒྱུར། ལོ་རྒྱུས་ཀྱི་ཚོར་སྣང་མེད་པའི་བརྩམས་ཆོས་ནི་གཏིང་ཟབ་མིན་པ་དང་། བོད་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་ལ་ཡུན་རིང་པོའི་ལོ་རྒྱུས་ལྡན་ལ། ཉི་མ་ཚེ་རིང་གི་བརྩམས་ཆོས་ཁྲོད་དར་སྤེལ་བཏང་ཡོད། བརྩམས་ཆོས་«འོད་སྟོང་འབར་བའི་ཞབས་རྗེས»ཀྱི་ཁྲོད། མཐིང་མདོག་གི་རྒྱབ་ལྗོངས་དང་ཉི་ཟླ། གསེར་མདོག་གི་གནའ་བོའི་གུ་གེ་རྒྱལ་རབས་ཀྱི་ཤུལ་བཞག་རི་མོའི་དཀྱིལ་དུ་འབུར་ཏུ་ཐོན་ཡོད། དེ་ནི་ལོ་ངོ་སྟོང་ཕྲག་སྔོན་གྱི་གངས་ལྗོངས་རིག་གནས་ཀྱི་གྲུབ་འབྲས་རེད། ད་ལྟ། གྱང་ཆག་ཁང་ཤུལ་ཙམ་མ་གཏོགས་ལུས་མེད་ཀྱང་། དེས་མདོ་དབུས་མཐོ་སྒང་གི་རིག་གནས་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཟིན་ཡོད།  གལ་ཏེ་གོང་གི་རི་མོའི་བརྩམས་ཆོས་མང་པོ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་དཀའ་ཁག་ལ་ཐུགས་ཁུར་ཟབ་མོ་བྱས་ཡོད་ཅེ་ན། ཉི་མ་ཚེ་རིང་གི་བརྩམས་ཆོས་གཞན་དག་གི་ཁྲོད་འཇིག་རྟེན་སྟེང་གི་མིའི་རིགས་འཚོ་སྡོད་ཁོར་ཡུག་གི་བསམ་གཞིགས་མང་པོ་མཚོན་ཡོད། «ཆེས་མཐར་མཇུག་གི་དག་ཞིང་།»དང་། «ལྷའི་འགྱུར་ཁུགས།» «གནའ་བོའི་རོལ་དབྱངས།»སོགས་བརྩམས་ཆོས་ཁྲོད། ང་ཚོས་བརྩམས་ཆོས་ཀྱིས་འཐབ་འཁྲུག་དང་། གནོད་འཚེ་ལ་དམོད་མོ་བྱེད་བཞིན་ཡོད་པ་དང་། འཆམ་མཐུན་གྱི་སྤྱི་ཚོགས་ལ་རེ་སྙེགས་བྱེད་པ། བབ་ཆགས་དང་མཛེས་པ་ལ་རེ་སྙེགས་བྱེད་བཞིན་པ་ཚོར་ཐུབ། ཉི་མ་ཚེ་རིང་གིས་སྟབས་བདེའི་ས་ཁྲ་ནས་ལོ་རྒྱུས་ལ་འགྲེལ་བཤད་བྱས་པ་མ་ཡིན་པར། རང་ཉིད་ཀྱི་ཚོར་བ་དང་སྤྲོ་སེམས་ཀྱིས་གསར་རྩོམ་བྱས་པ་རེད། ཁོའི་སྨྱུ་གུས་ལོ་རྒྱུས་ལ་གསོན་ཉམས་ལྡན་པར་བྱས་ཡོད། རིན་ཐང་བྲལ་བའི་ཚེ་སྲོག་དང་མཛེས་སྡུག་གི་འཚོ་བ་དེ་མི་སེམས་འགུལ་བའི་མཛེས་སྡུག་གི་རྣམ་པར་བརྟེན་ནས་ཀུན་གྱི་མིག་ལམ་དུ་མངོན་པ་དང་། མི་རྣམས་ཀྱིས་དུས་ཡུན་རིང་པོར་བསམ་གཞིགས་བྱེད་དགོས་བྱུང་། ཉི་མ་ཚེ་རིང་གི་རི་མོ་ཐེངས་གང་མང་ཞིག་ལ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་པན། སི་ཕེན། ཨོ་སི་ཁྲུ་རི་ཡཱ། རྒྱ་གར། སུའེ་ཙེར་སོགས་རྒྱལ་ཁབ་དང་། མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ། ཞང་ཀང་ས་ཁུལ། ཀྲུང་གོའི་མཛེས་རྩལ་ཁང་སོགས་ནས་འགྲེམ་སྟོན་བྱས་པར་མ་ཟད་སྙན་གྲགས་གང་སར་ཁྱབ་ལ། སྒྱུ་རྩལ་པ་དང་དཔྱད་འདེམས་པའི་གདེང་འཇོག་ཆེན་པོ་ཐོབ། རྒྱ་གར་གྱི་ཆེས་མཐོ་བའི་རིག་གནས་ཁང་གི་མི་སྣ་བིན་སིན་ཐི་ས་ཐིས་བཤད་རྒྱུར། ཉི་མ་ཚེ་རིང་གི་བརྩམས་ཆོས་འོད་སྟོང་འབར་བ་ཞིག་ཡིན་ཞིང་། མི་ལ་མཛེས་པའི་ཚོར་བ་དྲག་པོ་སྐྱེས་སུ་འཇུག་ཐུབ་པ་དང་། ནང་དོན་གཏིང་ཟབ་པ། ཉིང་བཅུད་དུ་གྱུར་པའི་སྒྱུ་རྩལ་གྱིས་མི་ལ་ཡིད་འགུལ་ཐེབས་སུ་འཇུག་ཐུབ། ཁོའི་བརྩམས་ཆོས་ནི་ཧི་མ་ལ་ཡཱའི་རི་བོ་བཞིན་རྒྱ་ཆེ་ལ། ཁྱད་དུ་འཕགས་པའི་བརྩེ་སེམས་ཀྱིས་ཁེངས་ཡོད་ཟེར།
 སྒྱུ་རྩལ་གསར་སྐྲུན་བྱེད་པར་དཀའ་ཚགས་ཆེན་པོ་ལྡན་པ་ནི་མི་གཞན་པས་རྟོགས་དཀའ་བ་ཞིག་རེད། སྒྱུ་རྩལ་པ་ཞིག་ལ་མཚོན་ན། ཆེས་ཆེ་བའི་སྡུག་བསྔལ་སེམས་ནས་བྱུང་བ་རེད། ཐེངས་རེར་གསར་རྩོམ་བྱེད་སྐབས་དཀའ་ཁག་ཆེན་པོ་ལྡན། ཉི་མ་ཚེ་རིང་གི་རི་མོ་མིག་དབང་འཕྲོག་ལ་གསོན་ཉམས་ལྡན་པའི་བོད་ཀྱི་རི་མོ་གཞི་རྩར་བྱས་ཡོད་པ་དང་། ཀྲུང་གོའི་རི་མོ་དང་ཕྱི་གླིང་བའི་རི་མོའི་འབྲི་སྟངས་དང་ཚོན་མདངས། ལག་རྩལ་གཞན་དག་བཅས་ཟུང་འབྲེལ་བྱས་ཏེ། བོད་ཀྱི་རི་མོ་དེ་ཆོས་ལུགས་ཀྱི་ཞབས་ཞུ་ནས་འཕེལ་ཏེ་རྣམ་པ་གསར་བ་དང་སྒྱུ་རྩལ་གྱི་རྣམ་པ་ཁྱད་པར་བ་ཞིག་ཏུ་འཕེལ་རྒྱས་སུ་བཏང་ཡོད། ཕྱོགས་གཞན་ཞིག་ནས་བསམ་ན་མི་ལ་ལས་ཁོ་ནི་བོད་ཀྱི་རི་མོའི་ཁྱབ་ཁོངས་ནང་གི་ཏཱ་ཧྥིན་ཆིས་རེད་ཟེར། ཉི་མ་ཚེ་རིང་གིས་གསར་རྩོམ་བྱེད་པར་ལོ་ངོ་བཅུ་ཕྲག་འགའི་འཚོལ་ཞིབ་བརྒྱུད་དེ། མཐར་མཇུག་ཀྲུང་གོ་དང་ཕྱི་གླིང་བའི་སྒྱུ་རྩལ་ལས་རིགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད། མཇུག་མཐར་སྐུ་ཞབས་ཉི་མ་ཚེ་རིང་གི་རི་མོའི་བརྩམས་ཆོས་ཇེ་རྒྱས་ཇེ་ལེགས་སུ་འཕེལ་བར་སྨོན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1