མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་སུའུ་ཏན་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་བར་བརྒལ་དུས་སྐབས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་སུའུ་ཏན་ཕྱོགས་ཁག་སོ་སོས་མཉམ་ལས་དང་གྲོས་མོལ་བྱས་ནས། མཉམ་དུ་རྒྱལ་ཁབ་བར་བརྒལ་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། 
        སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཕའེ་ཨར་ཐི་སི་དང་གྲོས་མོལ་བྱས། 
        ཕའེ་ཨར་ཐི་སི་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། སུའུ་ཏན་འདས་པའི་ལོ་གཉིས་ནང་དམངས་གཙོ་དང་ཞི་བདེ། གཏན་འཇགས། དྲང་བདེན་བཅས་ཀྱི་བར་བརྒལ་འཕེལ་རིམ་དུ་བསྐྱོད་ནས་གྲུབ་འབྲས་བླངས་ཡོད། སུའུ་ཏན་ཕྱོགས་ཁག་སོ་སོས་མུ་མཐུད་དུ་མཉམ་ལས་དང་གྲོས་མོལ་བྱས་ཏེ། བདེ་བླག་ངང་རྒྱལ་ཁབ་བར་བརྒལ་དུས་སྐབས་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་ཟེར། 
        ཕའེ་ཨར་ཐི་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པ་སོགས་ལས་ཁུངས་ཀྱིས་སུའུ་ཏན་གྱི་ཆབ་སྲིད་བར་བརྒལ་མངོན་འགྱུར་བྱེད་པར་རོགས་འདེགས་བྱས་པ་དང་། ཕྱོགས་སོ་སོས་ཞི་བའི་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱས་ནས་མཇུག་མཐའི་ཞི་བདེའི་གྲོས་མཐུན་དངོས་འབེབ་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། 
        ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བར། སུའུ་ཏན་གྱི་རྒྱལ་སྲུང་བློན་ཆེན་ཨོ་ཧྥུའུ་ཡིས་པཱ་ཞེ་ཨར་སྲིད་དབང་རྩ་རྫོགས་བྱས་ཏེ། བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་བདག་དམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ་བརྒྱད་པར། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་བཙུགས་པས་སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་རང་བཞིན་དུ་གཏོར་བ་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་བར། སུའུ་ཏན་བར་བརྒལ་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲོའུ་པཱ་ནས་མཇུག་མཐའི་ཞི་བདེའི་གྲོས་མཐུན་བཀོད་དེ། ལོ་ངོ་བཅུ་བདུན་རིང་གི་དགྲར་འཛིན་རྣམ་པ་མཇུག་སྒྲིལ་བར་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1