ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བརྒྱ་འཛིན་བཟུང་བྱས་པ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-12


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པས་ཚེས་བཅུ་ཉིན་བསྟན་དོན། ཟླ་ངོ་གསུམ་ཙམ་གྱི་རིང་ལ། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བརྒྱ་འཛིན་བཟུང་བྱས་ཡོད་ཟེར། 
        ཐཱ་ལེ་པེན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་ཟླ་ངོ་གསུམ་གྱི་རིང་ལ། ཐཱ་ལེ་པན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁཱ་པོར་ཞིང་ཆེན་དང་ནན་ཀི་ཧཱ་ཨར་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན་བཅས་སུ་ཡོད་པའི་སྦས་སྐོང་བྱེད་ས་ཉེར་གཅིག་གཏོར་བ་དང་། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་དྲུག་བརྒྱ་འཛིན་བཟུང་བྱས་ཡོད་ཟེར། 
        ཁོས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཨ་ཧྥུའུ་ཧན་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་མེད་པ་དང་། ཐཱ་ལེ་པན་གྱིས་མུ་མཐུད་དུ་རྩ་འཛུགས་དེར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 
        མུའུ་ཅཱ་ཞེ་ཏི་ཡིས་ད་རུང་ནན་གྱིས་བསྟན་དོན། ཐཱ་ལེ་པན་གྱིས་རྩ་འཛུགས་གང་རུང་གིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་དེ་རྒྱལ་ཁབ་གཞན་པའི་བདེ་འཇགས་ལ་འཇིགས་ཉེན་བཟོ་རུ་འཇུག་མི་རུང་ཟེར། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1