ཐོན་ལས་འཕེལ་རྒྱས་བཏང་ནས་རི་གྲོང་ཀུན་ཏུ་འགྱུར་ལྡོག་ཆེན་པོ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-17



ཐོན་ལས་འཕེལ་རྒྱས་བཏང་ནས་རི་གྲོང་ཀུན་ཏུ་འགྱུར་ལྡོག་ཆེན་པོ་བྱུང་།
འབའ་ཐང་རྫོང་གི་ལྟ་ན་སྡུག་པའི་ཞིང་སྡེའི་ཡུལ་ལྗོངས།

ཐོན་ལས་འཕེལ་རྒྱས་བཏང་ནས་རི་གྲོང་ཀུན་ཏུ་འགྱུར་ལྡོག་ཆེན་པོ་བྱུང་།

འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱི་ཁམ་བུའི་ཐོན་ལས་རྟེན་གཞི།

འབའ་ཐང་རྫོང་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་བརྒྱུད་མྱོང་བའི་ས་ཆ་ཞིག་ཡིན།

གངས་རི་དང་རྩྭ་ཐང་། མཚེའུ། ཆུ་ཚན། ནགས་ཚལ་སོགས་ཀྱིས་འབའ་ཐང་རྫོང་གི་རང་བྱུང་མཛེས་ལྗོངས་རྣམ་པར་བརྒྱན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས། ཉེ་ཆར། གསར་འགོད་པ་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་སྤང་ལམ་གྲོང་སྡེ་རུ་བསླེབས་ཤིང་། དེ་ནི་སྐབས་དེ་དུས་དམར་དམག་བརྒྱུད་པའི་གྲོང་ཚོའི་གྲས་ཤིག་ཡིན་པ་དང་མང་ཚོགས་མི་ཉུང་བས་རྒན་པ་ཚོས་བཤད་པའི་དམར་དམག་གི་གཏམ་རྒྱུད་ལ་ཉན་མྱོང་བ་རེད། ད་ཆ་གྲོང་སྡེ་དེ་ཉིད་ནི་དག་པའི་ཞིང་མཆོག་ཞིག་ཏུ་གྱུར་འདུག། གྲོང་སྡེའི་མཛེས་ལྗོངས་ལྟ་སྟེགས་ནས་བལྟས་ན། དགུང་སྔོན་པོའི་སྤྲིན་རིམ་གྱི་འོག་ཏུ་སྟར་ཕྲེང་བསྒྲིགས་པའི་ཁམ་བུའི་ནགས་ཚལ་ཆགས་ཡོད་པར་མ་ཟད་ལྟ་བས་ཆོག་མི་ཤེས་པའི་བོད་ཁང་མང་པོ་ཡང་གནས་དེར་ཆགས་འདུག།

རྫོང་རྩ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་སྐལ་བཟང་ཟླ་བས་གསར་འགོད་པར་སྤང་ལམ་གྲོང་སྡེ་ནི་གྲོང་ཚོ་དབུལ་པོ་ཞིག་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། 2018ལོར་སྤང་ལམ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ཁམ་བུའི་ཐོན་ལས་འཕེལ་རྒྱས་གཏོང་མགོ་ཚུགས་ཡོད། ད་སྔར་ས་རྒོད་ཐོག་ཏུ་མུའུ་སྟོང་ལྷག་ཙམ་གྱི་འབྲས་ལྡན་ཁམ་བུ་བཙུགས་པ་དང་ཐོན་སྐྱེད་ཀྱི་ལམ་བུ་དང་ཉི་ནུས་ཆུ་འདྲེན་ས་ཚུགས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱང་རེ་རེ་བཞིན་བསྐྲུན་པས། འདས་ཟིན་པའི་ས་རྒོད་རི་རྒོད་དེ་ད་ལྟའི་རི་བོ་འབྲས་ལྡན་དུ་གྱུར་ཡོད་ཅེས་བཤད།

སྐལ་བཟང་ཟླ་བས་ཁམ་བུ་འདེབས་འཛུགས་བྱས་པར་བཟང་ཆ་ཧ་ཅང་མང་སྟེ། ཁམ་བུས་ཤིང་འབྲས་སྐམ་པོ་བཟོ་ཐུབ་པར་མ་ཟད་ཁམ་བུའི་ནང་སྙིང་སྨན་རྫས་སུ་སྤྱོད་ཆོག། དུས་མཉམ་དུ་ནགས་ཚལ་འོག་ཏུ་སྦྲང་གསོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ་ལ། ཁམ་བུའི་ཐོན་ལས་ལ་བརྟེན་ནས་ཡུལ་སྐོར་རིག་གནས་འཕེལ་རྒྱས་སུ་གཏོང་ཆོག་པས། ཡུལ་སྐོར་བ་འདི་གར་འོང་ནས་ཁམ་བུའི་མེ་ཏོག་ལ་ལྟ་ཆོག་པ་དང་བོད་ཟས་རྣལ་མའི་བྲོ་བ་ཡང་མྱོང་ཆོག་པ་རེད། ད་དུང་གྲོང་མིས་བཤད་པའི་དམར་དམག་གི་གཏམ་རྒྱུད་ལ་ཡང་ཉན་ཆོག་གི་ཡོད་ཅེས་བཤད།

གསར་འགོད་པས་ཤེས་གསལ་ལྟར་ན་གྲོང་ཚོའི་ནང་དུ་མང་ཚོགས་ཁག་གཅིག་གིས་སྲིད་གཞུང་གི་ཁྲིད་སྟོན་འོག་ཏུ་བསྐྲུན་པའི་གནས་ཚང་གི་རྣམ་པ་རགས་ཙམ་ཆགས་ཟིན་ལ། གནས་ཚང་གི་སྒེའུ་ཁུང་ཕྱེ་ན་ཕྱི་ཡུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མཐོང་ཐུབ་པར་མ་ཟད། ད་དུང་དམར་དམག་བགྲོད་སའི་རི་བོ་དང་ལམ་བུ་ཡང་མཐོང་ཐུབ།

འབའ་ཐང་རྫོང་རྒྱ་དབྱིངས་གྲོང་རྡལ་གདང་གྲོང་སྡེ་ནི་སྐབས་དེར་དམར་དམག་གིས་བརྒྱུད་མྱོང་བའི་གྲོང་སྡེ་གཞན་ཞིག་རེད། ལོ་ངོ85ཡི་ཡར་སྔོན་དུ། དམར་དམག་གིས་གངས་རི་བརྒལ་རྗེས་འབའ་ཐང་རྫོང་གདང་གྲོང་སྡེའི་ཁོར་ཟུག་ཏུ(དེང་གི་འབའ་ཐང་རྫོང་རྒྱ་དབྱིངས་གྲོང་རྡལ་གདང་གྲོང་སྡེ)ངལ་གསོ་དང་འབྲུ་རིགས་གྲབས་གསོག་བྱས་པ་རེད།

གདང་གྲོང་སྡེར་སྐྱོད་སྐབས། ཁ་དོག་དམར་པོ་ཡིན་པའི་གྱང་སྐོར་ཞིག་གི་ནང་དུ་ཤུག་རྒན་གསུམ་སྐྱེས་ཡོད་པ་དང་། ཉེ་སར་བཅར་ནས་ལྟ་སྐབས་མདུན་ཕྱོགས་སུ་སྒོ་བྱང་རེ་བཙུགས་ཡོད་ལ། དེའི་ཐོག་ཏུ“རྒྱང་སྐྱོད་དྲན་གསོའི་སྡོང་པོ”ཞེས་བྲིས་འདུག། རྒྱ་དབྱིངས་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་སྒྲོལ་མས་ལོ་མང་པོའི་རིང་ལ་གྲོང་མི་ཚོས་ཤུག་པའི་ལྗོན་ཤིང་འདི་གསུམ་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་འདུག་ཅེས་བཤད།

ཤིག་སྡོང་གི་འགྲམ་དུ་གདང་གྲོང་སྡེའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་ཡོད་ལ། དེ་གར་ཡོད་པའི་པར་རིས་ལས་ཉེ་བའི་ལོ་ཤས་རིང་གདང་གྲོང་སྡེར་འཕོ་འགྱུར་ཆེན་པོ་བྱུང་བའི་སྐོར་བཀོད་འདུག། ཚེ་རིང་སྒྲོལ་མ་ཡིས་གསར་འགོད་པར་འདྲ་པར་སྟོན་བཞིན་དུ་སྔོན་གདང་གྲོང་སྡེ་ནི་གྲོང་སྡེ་དབུལ་པོ་ཞིག་ཡིན་པ་དང་། དབུལ་ཐར་འགག་སྒྲོལ་བྱེད་མགོ་ཚུགས་རྗེས་དབུལ་སྐྱོར་ལས་དོན་ཚོ་ཆུང་གདང་གྲོང་ཚོར་བཅའ་སྡོད་བྱས་ནས་གྲོང་མིར་མཐོ་སྒང་གི་ཁ་བའི་ལུག་མིག་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས། 2016ལོའི་ཟླ4པར་གྲོང་སྡེ་ཡོངས་ཀྱི་ཁ་བའི་ལུག་མིག་གི་ས་བོན་ཐོག་མ་དེ་བཏབ་པ་རེད། ལོ་དེ་དག་གི་ནང་གྲོང་ཚོའི་ནང་གི་འདེབས་འཛུགས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས2017ལོར་གདང་གྲོང་ཚོས“དབུལ་ཞྭ”ཕུད་དེ་གྲོང་ཚོ་ཧྲིལ་པོ་དབུལ་ཐར་ཐུབ་པ་མངོན་འགྱུར་བྱུང་ཡོད་ཅེས་བཤད།

དེས་མ་ཚད་གྲོང་ཚོའི་ཆུ་དང་གློག། ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སྤྱི་པའི་ཞབས་ཞུའང་ཇེ་ལེགས་སུ་ཕྱིན་ནས། གྲོང་མི་ཚོས་རྫོང་ཁོངས་སུ་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱས་པའི་བསྡུར་གྲངས་བརྒྱ་ཆ80ཡན་ལ་ཟིན་ཡོད། བྱིས་པ་ཚོས་ལོ12རིང་ལ་སློབ་ཡོན་མི་དགོས་པའི་སློབ་གསོ་ལོངས་སུ་སྤྱོད་ཀྱི་ཡོད།

ཚེ་རིང་སྒྲོལ་མས་ད་ལྟ་ཚང་མས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་གྱི་ཡོད། ཕྱིན་ཆད་ད་དུང་གྲོང་ཚོའི་ནང་གསར་བརྗེའི་རིག་གནས་བཤམས་སྟོན་ཁང་བསྐྲུན་རྩིས་ཡོད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1