ཨུ་རུ་སི་དང་དབྱི་ཐཱ་ལེའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-24


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཅི་ལ་ཁ་པར་བཏང་སྟེ། ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཐའ་མཚམས་ས་ཁུལ་གྱི་ཡུལ་གྱར་བའི་ཉམས་ཉེན་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
        ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དཀར་པོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཐའ་མཚམས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་ཞིབ་ཏུ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཕོ་ལན་རྒྱལ་ཁབ་ཡུལ་གྱར་བའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་འོས་འགན་དང་འགལ་ཡོད་ལ་ཡུལ་གྱར་བར་དྲག་སྤྱོད་སྤེལ་བའི་བྱ་སྤྱོད་དམིགས་སུ་བཀར་ནས་གླེང་། ཕྱོགས་གཉིས་ཀྱིས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་དཀར་པོས་ཕན་ཚུན་རོགས་ལས་བྱེད་དགོས་པ་དང་། མི་ཆོས་རིང་ལུགས་ཀྱི་རྩ་དོན་གཞིར་བཟུང་སྟེ་མྱུར་མོར་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པར་འདོད། 
        ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་རྒྱལ་ནང་གི་འཁྲུག་རྩོད་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་སྔར་བཞིན་མེན་སི་ཁིའི་གྲོས་མཐུན་དང་ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་འོག་བཀོད་པའི་འབྲེལ་ཡོད་གྲོས་མཐུན་ལག་བསྟར་བྱེད་པར་ཁས་ལེན་མ་བྱས། ཝུའུ་ཁི་ལན་ཕྱོགས་ཀྱིས་བསམ་བཞིན་དུ་གནས་བབ་ཇེ་སྡུག་ཏུ་གཏོང་བའི་དཀྲུག་འཕེན་རང་བཞིན་གྱི་བྱེད་ཐབས་སྤྱད་ཡོད། དེའི་ནང་མེན་སི་ཁིའི་གྲོས་མཐུན་ལས་གཏན་འགོག་བྱས་པའི་མཚོན་ཆ་བེད་སྤྱོད་བྱེད་སོགས་འདུས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་ཟེར། 
        ཏི་ལཱ་ཅི་ཡིས་ཁ་པར་གཏོང་སྐབས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་གླེང་བ་དང་། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཏེ། ཡོ་རོབ་གླིང་དུ་བསྟུད་མར་རང་བྱུང་སོལ་རླངས་མཁོ་འདོན་བྱེད་པར་འགན་སྲུང་བྱེད་བཞིན་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1