རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-10



—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
        རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་གཏོང་རིང་འགྲིམ་དགོས་ངེས་ཀྱི་ལམ་བུ་ཞིག་རེད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་དང“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད། དེ་ནི་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར། དད་ལྡན་མང་ཚོགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་བས་སྒྲིག་འཛུགས་ཡག་པོ་དང་ཁྲིད་སྟོན་ཡག་པོ་བྱེད་དགོས་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད།
        རང་རྒྱལ་གྱི་ཆོས་ལུགས་ཁག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱུང་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་དང་འཚམ་པའི་ཁྱད་ཆོས་ཤིག་ལྡན་ཡོད། ཆོས་ལུགས་ཁག་གིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཅན་དང་རང་ས་ཅན་གྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ཁར། རང་འགུལ་ངང་སྤྱི་ཚོགས་དང་འཚམ་པར་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ལ་ཞབས་འདེགས། ཞི་མཐུན་ཁོང་ཡངས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་མ་ཟད། རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། སྤྱི་པའི་སྒྲིག་ལམ། གོམས་སྲོལ་བཟང་པོ་བཅས་ལ་རང་འགུལ་ངང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་པས་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་ཚུལ་རིམ་བཞིན་ཟབ་ཏུ་སོང་ཡོད། ལག་ལེན་གྱི་ཐོག་ནས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཀྱི་ཆོས་ལུགས་མཐའ་འཁྱོངས་དང་ཀྲུང་གོ་ཅན་གྱི་ཆོས་ལུགས་མངོན་འགྱུར་བྱུང་ན། གཞི་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ཡག་པོ་བྱུང་ནས་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ལུགས་ར་འཕྲོད་བྱུང་ཡོད།
        ཆོས་ལུགས་འདི་ཉིད་སྐབས་དེ་རང་གི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་བྱ་རྒྱུ་ནི་འཛམ་གླིང་གི་ཆོས་ལུགས་ཁག་གནས་པ་དང་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་རེད་ལ། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་ཀྱི་བླང་བྱའང་རེད། རང་ཡུལ་གྱི་ཆོས་ལུགས་ཡིན་ནའང་འདྲ་ཡང་ན་ཕྱི་ནས་དར་བའི་ཆོས་ལུགས་ཡིན་ནའང་འདྲ། གང་ལྟར་ཚང་མས་རང་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་འཚམ་པར་བྱས་ནས་དུས་རབས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས། ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་ཤིག་གི་རྒྱུན་སྐྱོང་བའི་བསམ་པའི་འབྲེལ་ཐག་ལྟ་བུ་དང་རྒྱལ་ཁབ་ཅིག་གི་ཐུན་མོང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རྨང་གཞི་རེད། རིག་གནས་ཀྱི་མོས་སེམས་ནི་གཏིང་ཟབ་ཤོས་ཀྱི་མོས་སེམས་ཤིག་རེད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་སྣེ་འདྲེན་དང་ཀྲུང་ཧྭའི་རིག་གནས་ལ་བརྟེན་ནས་རང་རྒྱལ་གྱི་ཆོས་ལུགས་ཁག་ལ་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱེད་པ་དང་། ཆོས་ལུགས་ཁག་གིས་བསྟན་དོན་དང་འདུལ་ཁྲིམས་ནང་གི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་པ། དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བཅས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཁག་ལ་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཟང་བཅས་སྔར་བས་ལྡན་པར་བྱེད་དགོས་ལུགས་ངེས་པར་དུ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་དང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད། དེས་ན་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་རང་ཚུགས་དང་། རང་རྟེན། རང་གཉེར་གསུམ་གྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
        སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་དཔའ་ངར་ཞུམ་མེད་ངང་བསྐྱོད་དེ་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པར། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཟབ་ཏུ་གཏོང་དགོས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ཁར། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་ཁྲིད་སྟོན་བྱས་ནས་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་རང་ཚུགས་དང་། རང་རྟེན། རང་གཉེར་གསུམ་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་འབྲེལ་ཡོད་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཏན་ཏིག་བྱེད་དགོས།
        མཐུན་སྒྲིལ་ནི་སྟོབས་ཤུགས་རེད། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཆོས་ལ་དད་པ་མི་བྱེད་མཁན་མང་ཚོགས་ཕན་ཚུན་མཐུན་སྒྲིལ་བྱེད་གང་ཐུབ་ཅི་ཐུབ་བྱ་རྒྱུ་དེ་རེད། དད་ལྡན་མང་ཚོགས་དང་ཆོས་ལ་དད་པ་མི་བྱེད་མཁན་མང་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐད་ཀྱི་རྩ་བའི་ཁེ་ཕན་ནི་གཅིག་མཚུངས་ཡིན་ཞིང་། ཚང་མ་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་རེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་འཐུས་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཆོས་ལུགས་དེ་སྔར་བས་ལེགས་པའི་ངང་སྤྱི་ཚོགས་དང་འཚམ་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ང་ཚོས་ཐུན་མོང་འབད་འཐབ་ཀྱི་སྟོབས་ཤུགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཅིག་ཏུ་བསྒྲིལ་ཐུབ་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1