ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཞིག་ལ་བཀག་སྡོམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་དང་། དམིགས་ཡུལ་ནི་རྩ་འཛུགས་དེས་ཝུའུ་ཁི་ལན་མཐའ་མཚམས་ས་ཁུལ་གྱི་བྱ་འགུལ་ལ་ཚོད་འཛིན་བྱེད་ཆེད་རེད། 
        ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ཡིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་དེ་ཝ་ཀི་ནཱ་རྩ་འཛུགས་དང་དེར་འབྲེལ་བའི་མི་སྒེར་བརྒྱད་དང་ཚོགས་པ་གསུམ་ལ་དམིགས་པ་ཡིན། བྱེད་ཐབས་ལ་རྒྱུ་ནོར་བཀག་འཇོག་བྱེད་པ་དང་བཀག་སྡོམ་ཐེབས་མཁན་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོང་བར་གཏན་འགོག་བྱེད་པ་སོགས་འདུས་ཟེར། 
        ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཝ་ཀི་ནཱ་རྩ་འཛུགས་ཀྱིས་དམག་དོན་མི་སྣ་བསྡུས་ནས་སྦྱོང་བརྡར་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོ་འཛམ་གླིང་གི་འཁྲུག་རྩོད་བྱེད་ས་མང་བོར་མངག་བཞིན་ཡོད། དེའི་ནང་ཝུའུ་ཁི་ལན་གྱི་ཏོན་པཱ་སི་ས་ཁུལ་དང་ལི་པུ་ཡཱ། སི་རི་ཡཱ། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་འདུས་ཡོད་ལ། ས་ཁུལ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་ཟེར། 
        པའོ་ལོས་ལེ་ཡིས་གལ་ཏེ་ཨུ་རུ་སི་ལ་ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་གང་རུང་ཡོད་ན། ཆབ་སྲིད་ཀྱི་མཇུག་འབྲས་འབྱུང་སྲིད་པ་དང་དེའི་ཐད་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་གཏོང་དགོས་པའི་ཉེན་བརྡ་བཏང་། 
        ཉེ་སྔོན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་མྱུར་མོར་ཇེ་སྡུག་ཏུ་སོང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་དོན་མི་སྣ་དང་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་གཅིག་བསྡུས་བྱེད་བཞིན་ཡོད་ལ། ཝུའུ་ཁི་ལན་ལ་བཙན་འཛུལ་བྱེད་རྩིས་ཡོད་ངེས་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བཤད་ཚུལ་དེ་ཁས་ལེན་མ་བྱས། 
        ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་བཅུ་གསུམ་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་མཐའ་མཚམས་ས་ཁུལ་གྱི་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཕུའུ་ཅིན་གྱིས་བྱང་ཆིངས་རྩ་འཛུགས་ཀྱིས་ཤར་ཕྱོགས་སུ་རྒྱ་བསྐྱེད་པ་དང་ཝུའུ་ཁི་ལན་དུ་མཚོན་ཆ་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱེད་པའི་ཚུལ་བསྟན་པར་མ་ཟད། མྱུར་མོར་དོན་དེའི་ཐད་ནས་གྲོས་མོལ་བྱེད་དགོས་པ་ནན་གྱིས་བསྟན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1