ཉིང་ཁྲིར་གྲོང་མིས་གསའ་ཞིག་བསྐྱབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-16


     གསར་འགོད་པས་ཚེས་13ཉིན་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། གསའ་ཞིག་གྲོང་མིའི་སྡོད་ཁང་དུ་ཟས་འཚོལ་བར་ཕྱིན་ནས་ཁེགས་འདུག་པ་མིག་སྔར་བསྡུ་ཉར་མྱུར་སྐྱོབ་བྱས་པ་རེད།
     ཉེ་ཆར། བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱི་གྲོང་ཚོ་ཞིག་ཏུ་་གསའ་ཞིག་མང་ཚོགས་ཀྱི་ཁྱིམ་དུ་འཛུལ་ནས་ཟས་འཚོལ་སྐབས་དེར་ཁེགས་པའི་གནས་ཚུལ་ཐོན་ཞིང་། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ལ་བྲག་ཡིབ་ཆུས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་སྙན་ཞུ་འབྱོར་རྗེས། ཉིང་ཁྲི་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་བསྡུ་ཉར་མྱུར་སྐྱོབ་ས་ཚིགས་ཀྱི་ཆེད་ལས་མྱུར་སྐྱོབ་མི་སྣ་འཕྲལ་མར་བཀོད་སྒྲིག་བྱས་ནས་མྱུར་སྐྱོབ་ཐག་གཅོད་བྱེད་པར་མངགས་པ་རེད།
     ཡུལ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད་མང་ཚོགས་ས་ནས་ཤེས་རྟོགས་བྱུང་བར། གསའ་ཞིག་དུད་ཚང་ཞིག་གི་སྒོ་རའི་ནང་འཛུལ་ནས་སྒོ་ཕྱུགས་འཛིན་རྩིས་བྱེད་སྐབས། གྲོང་མིས་ཤེས་རྟོགས་བྱུང་ནས་ཕྱིར་ཕུད་ཅིང་།  གསའ་དེ་འབྲོ་སྐབས་སྒོ་རའི་ཉེ་འཁོར་གྱི་ར་རྒྱར་ཁེགས་པ་རེད། གསའ་ཡི་རང་གཤིས་རྩུབ་ལ་ཕལ་རྒོལ་རང་བཞིན་ཆེ་བ་དང་ཉེ་འཁོར་གྱི་མང་ཚོགས་ཅུང་མང་བའི་དོན་དངོས་ལ་བསམ་གཞིག་བྱས་ཤིང་། གསའ་ལ་འཇིགས་སྣང་མིསློང་བ་བྱ་ཆེད། ལས་དོན་མི་སྣས་གསའ་ལ་སྦྲིད་སྨན་བརྒྱབ་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་བསྡུ་ཉར་མྱུར་སྐྱོབ་ས་ཚིགས་སུ་སྐྱེལ་ནས་ཁྱོན་ཡོངས་ནས་གཟུགས་པོར་བརྟག་དཔྱད་བྱས་པ་རེད།
ཕྱུགས་རིགས་སྨན་པས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། གསའ་དེ་ནི་ལོ་16ནས་18བར་གྱི་གསའ་རྒན་པ་ཞིག་ཡིན་པ་དང་། སོ་ཟད་ཚབས་ཆེ་བ། གཡས་ལག་འགུལ་སྐྱོད་བྱེད་སྟབས་མི་བདེ་བ། ཕྱི་རོལ་དུ་ལྟོ་ཟ་བའི་ནུས་པ་ཞན་པ། དུས་ཡུན་རིང་པོར་ཟས་ཟོས་མེད་པ། གཟུགས་པོ་ཅུང་ཞན་པ། རྨས་སྐྱོན་དང་ནད་གཞི་གཞན་དག་ཐོན་མེད་པ་བཅས་ཀྱི་གནས་ཚུལ་རྟོགས།

      མྱུར་སྐྱོབ་ལས་དོན་གྱི་ཆེད་ལས་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་དུས་ཐོག་ཏུ་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་འབྲེལ་གཏུག་བྱས་ནས་ཚན་རིག་དང་མཐུན་པའི་དྲག་སྐྱེད་གསོ་ཚགས་དང་ཉར་ཚགས་མྱུར་སྐྱོབ་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད། གསའ་ཡི་དུས་ཕྱིའི་སླར་གསོ་དང་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1