ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་ཨུ་རུ་སིའི་བར་གྱི་འབྲེལ་ཐག་གཅོད་པའི་གྲོས་གཞིར་བསམ་བློ་གཏོང་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-24



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉེར་གཉིས་ཉིན་ཅི་ཧྥུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡི་ཨུ་རུ་སིའི་བར་གྱི་འབྲེལ་ཐག་གཅོད་པའི་སྐོར་གྱི་གྲོས་གཞིར་བསམ་བློ་གཏོང་རྒྱུ་ཡིན་ཟེར། 
        ཙེ་ལེན་སི་ཅི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལི་སི་དང་གྲོས་མོལ་བྱེད་རྗེས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཁྱབ་རྒྱ་ཆེ་བའི་སྒོ་ནས་གནས་བབ་ཛ་དྲག་ཏུ་གཏོང་མི་སྲིད་ཟེར། ཁོས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་ཛ་དྲག་ཏུ་སོང་བ་ལས་ཡོ་རོབ་གླིང་དང་འཛམ་གླིང་ཧྲིལ་བོར་སྔ་ན་མེད་པའི་འགྲན་རྩོད་བསླངས་ཡོད་ལ། ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ནང་ཕྱོགས་ཡོངས་ནས་པེ་ཞེ་གཉིས་པ་ཞེས་པའི་རང་བྱུང་སོལ་རླངས་སྦུག་ལམ་གྱི་ལས་གཞི་མཚམས་འཇོག་པ་དེ་ཡང་འདུས་དགོས་ཟེར། 
        ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིར་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་ཁང་ཕྱིར་བོས་པ་རེད། 
        ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་བར་གྱི་འབྲེལ་ཐག་ཆད་པ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་མཐོང་འདོད་མེད་པའི་སྣང་ཚུལ་ཞིག་ཡིན་པ་དང་། དེ་ལས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་ཐག་བཅད་པ་ལས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་ཟེར། 
        ཨུ་རུ་སི་ཡིས་ནམ་རྒྱུན་བྱང་ཆིངས་རྩ་འཛུགས་ཀྱིས་བཅའ་ཁྲིམས་རྣམ་པས་ཤར་ཕྱོགས་སུ་རྒྱ་བསྐྱེད་མི་སྲིད་པར་ཁག་ཐེག་བྱེད་པ་དང་། ཝུའུ་ཁི་ལན་སོགས་རྒྱལ་ཁབ་བྱང་ཆིངས་རྩ་འཛུགས་ནང་མི་འཇོག་པར་བརྩོན་ལེན་བྱེད་བཞིན་ཡོད། པེད་ཏིན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་རྗེས། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་རྒྱབ་སྐྱོར་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་དོན་རོགས་སྐྱོར་ལ་ཤུགས་སྣོན་བྱས་པས་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བ་རེད། ན་ནིང་ལོ་མཇུག་གི་ཚུན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་སོང་། ཟླ་འདིའི་ཚེས་བཅུ་བདུན་ཉིན་གྱི་ཚུན་ལ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་སོང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1