༄༅།། ཟས་ཀྱི་གསོ་ཐབས“གསུམ་བཞི་ལྔ།”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-28



        ལོ103ལ་སོན་པའི་ཨ་ནེ་ཚེ་སྒྲོན་སྐྱིད་ནི་སྔོན་ཆད་ནད་གཡོག་མ་ཞིག་ཡིན་ལ། ལས་འཁྱུར་ངལ་གསོ་བྱས་རྗེས་ཁོ་མོ་ཕ་ཡུལ་དུ་ལོག་ནས་རྒན་གསོ་བྱེད་ཀྱིན་ཡོད་ཅིང་། ད་ལྟ་རང་སྡེ་བའི་ལོ་ན་ཆེས་མཐོ་བའི་རྒན་པར་གྱུར་ཡོད། སྡེ་མི་རྣམས་ཀྱིས་ཁོ་མོར་ཚེ་ཐག་རིང་བའི་མན་ངག་འདྲི་སྐབས། མོས་རྒྱུན་དུ་ཉིན་རེར་སྟར་ག་གསུམ་དང་ཤིང་འབྲས་འབྲུག་མིག་བཞི། ཁ་སུར་དམར་པོ་ལྔ་སྟེ“གསུམ་བཞི་ལྔ”ཡི་ཟས་ཀྱི་གསོ་ཐབས་ལ་བརྟེན་ན་ཚེ་ཐག་རིང་པོ་ཡོང་ཐུབ་ཟེར།

ཉིན་རེར་སྟར་ག་གསུམ་རེ་ཟོས་ན་ཀླད་པ་གསོ་ཞིང་རྒས་ཚད་ཇེ་དལ་དུ་གཏོང་ཐུབ།
        སྟར་ག་ལ་སྨན་སྤྱོད་རིན་ཐང་ཧ་ཅང་མཐོན་པོ་ལྡན། སྟར་གའི་ནང་དུ་ཚད་མ་ལོངས་པའི་ཚིལ་སྐྱུར་མང་པོ་འདུས་པས། སྡོད་རྩ་སྲ་འགྱུར་འགོག་པའི་ནུས་པ་ལྡན་ལ། སྟར་གའི་ནང་དུ་ད་རུང་ཏི་ཚ་དང་མཱན། ཁིར་སོགས་མིའི་ལུས་སྟེང་དུ་མེད་མི་རུང་བའི་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་ཞིག་འདུས་པས། མཁྲིས་རྒྱུ་གཤེར་རྩི་གསར་བརྗེ་བྱེད་པར་སྐུལ་འདེད་དང་སྙིང་རྩར་སྲུང་སྐྱོབ་བྱེད་པའི་བྱེད་ནུས་ལྡན། བྱིས་པས་སྟར་ག་ཟོས་ན་ཀླད་པ་ཇེ་གསལ་དུ་འགྲོ་བ་དང་། ན་གཞོན་དང་ལས་ཚོགས་པ་རྣམས་ཀྱིས་སྟར་ག་ཟོས་ན་ཀླད་པ་ངལ་སོས་ཏེ་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ། རྒན་པ་རྣམས་ཀྱིས་སྟར་ག་ཟོས་ན་རྒས་ཚད་ཇེ་དལ་དུ་གཏོང་བར་ཕན་ནོ། །

ཨ་ནེ་ཚེ་སྒྲོན་སྐྱིད་ཀྱིས་ཐད་ཀར་བཟའ་བའམ་བརྔོས་ནས་བཟའ་བ།ཡང་ན་ཕྱེ་མར་འཐག་རྗེས་བཟའ་བ་སོགས་གང་ལྟར་ཉིན་རེར་སྟར་ག་གསུམ་རེ་ཆག་མེད་དུ་བཟའ་བཞིན་ཡོད།སྟར་ག་ནི་ཐོབ་དཀའ་བའི་དངོས་པོ་རྩ་ཆེན་ཞིག་མ་ཡིན་པར།སུ་ཞིག་གིས་ཀྱང་བཟའ་ཐུབ་པའི་དངོས་པོ་ཆུང་ཆུང་ཞིག་གོ།

ཤིང་འབྲས་འབྲུག་མིག་བཞི་རེ་ཟོས་ན་ཡི་ག་འབྱེད་ཅིང་སེམས་ཁམས་བདེ་ལ་འབབ་ཐུབ།
        ཤིང་འབྲས་འབྲུག་མིག་ནི་གསོ་བཅུད་དངོས་པོ་རྩ་ཆེན་ཞིག་ཡིན།ཤིང་འབྲས་འབྲུག་མིག་གི་ནང་དུ་འཚོ་བཅུདAདངBམང་པོ་འདུས་པས། སེམས་ངལ་གསོ་བར་ཕན་པ་ཆེན་པོ་ཡོད། ཀྲུང་ལུགས་གསོ་རིག་གི་ནང་དུ“ཤིང་འབྲས་འབྲུག་མིག་ནི་ངོ་བོ་འཇམ་ཞིང་རོ་མངར། སྙིང་ཁམས་གསོ། ཡི་ག་འབྱེད་ཅིང་མཚེར་བ་གསོ།སེམས་ཁམས་བདེ་ལ་འབབ་པར་ཕན་པས།སྙིང་དང་མཚེར་བའི་བྱེད་ནུས་ཉམས་པ་དང་ཁྲག་རླུང་མི་འདང་བའི་དབང་གིས་གཉིད་མི་ཡོང་བ་དང་བརྗེད་ངས་ཆེ་བ། དངངས་སྐྲག་སྐྱེས་པ། མགོ་ཡོམ་འཁོར་བ་སོགས་གསོ་བཅོས་བྱེད་པར་ལ་ཕན་པ་ཆེན་པོ་ཡོད”ཅེས་བསྟན་ཡོད།
        ཨ་ནེ་ཚེ་སྒྲོན་སྐྱིད་ཤིང་འབྲས་འབྲུག་མིག་བཟའ་རྒྱུར་ཧ་ཅང་དགའ།དུས་རྒྱུན་འབྲས་ཐུག་བསྐོལ་བའི་སྐབས་སུ།ཁོ་མོས་སླ་ངའི་ནང་དུ་ཤིང་འབྲས་འབྲུག་མིག་འགའ་ཞིག་ངེས་པར་འཕེན་ངེས་རེད། མོས་བཤད་ན་ཤིང་འབྲས་འབྲུག་མིག་གི་ཐུག་པ་ནི་འཐུང་ན་ཁ་ལ་ཞིམ་པར་མ་ཟད།མིའི་རྣམ་རིག་ཇེ་གསལ་དུ་གཏོང་བར་ཕན་པ་ཡོད་ཟེར།ཨ་ནེ་ཚེ་སྒྲོན་སྐྱིད་ཀྱིས་ད་རུང་རྒྱུན་དུ་ཤིང་འབྲས་འབྲུག་མིག་ཆུ་ཁོལ་གྱི་ནང་དུ་སྦངས་ནས་འཐུང་བ་དང་།མོས་བཤད་ན་ཕྱི་དྲོར་ཤིང་འབྲས་འབྲུག་མིག་སྦངས་ནས་འཐུང་ན་ཀླད་པ་དྭངས་མོ་ཡོང་ཐུབ་ཟེར།

ཁ་སུར་དམར་པོ་ལྔ་རེ་ཟོས་ན་རླུང་ལ་ཕན་ཞིང་ཁྲག་གསོ་ཐུབ།
        ཁ་སུར་དམར་པོའི་ནང་དུ་འཚོ་བཅུདCཡི་འདུས་ཚད་ཧ་ཅང་མཐོ།ཤིང་ཏོག་ཚ་ལུ་མ་ལས་ལྡབ8ནས17དང་།ཀུ་ཤུ་ལས་ལྡབ50ཡིས་མཐོ་བ་རེད།དེའི་རྐྱེན་གྱིས་འཚོ་བཅུད་རིག་པ་བས་ཁ་སུར་དམར་པོར་རང་བྱུང་གི་འཚོ་བཅུད་རིལ་བུ་ཞེས་འབོད་ཀྱིན་ཡོད།ཀྲུང་ལུགས་གསོ་རིག་གིས་རླུང་ནི་བྱེད་ནུས་དང་།ཁྲག་ནི་དངོས་པོ་ཡིན་པས།ཁ་སུར་དམར་པོ་ཟོས་ན་རླུང་ཁྲག་གཉིས་ཀ་གསོ་ཐུབ་པར་འདོད་ཀྱིན་ཡོད།མཚེར་པ་གསོས་ནས་རླུང་ཁ་གསབ་དང་།ཁྲག་གསོས་ནས་སྙིང་ཁམས་གསོ་བའི་བྱེད་ནུས་ལྡན།
        ཨ་ནེ་ཚེ་སྒྲོན་སྐྱིད་ཀྱིས་རྒྱུན་དུ་ཁ་སུར་དམར་པོ་ཟ་བ་སྟེ།དཔེར་ན་འབྲས་ཐུག་གི་ནང་དུ་འཕངས་ནས་འཐུང་བ་དང་ཡང་ན་ཁུ་བ་གདུས་ནས་འཐུང་བ་སོགས་གང་ལྟར་རྒྱུན་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཟའ་བ་རེད།ཨ་ནེ་ཚེ་སྒྲོན་སྐྱིད་ལ་ད་རུང་གོམས་གཤིས་བཟང་པོ་ཞིག་ཡོད་པ་ནི།ཉིན་རེའི་དགོང་མོ་ཉལ་ཁར་ངེས་པར་དུ་ཁ་སུར་དམར་པོ་གཅིག་རེ་བཟའ་བ་དང་།མོས་བཤད་ན་ཉལ་ཁར་ཁ་སུར་དམར་པོ་གཅིག་རེ་ཟོས་ན་ཞག་གང་པོར་ཕོ་བའི་ནང་དུ་དྲོད་ལམ་ལམ་དུ་འདུག་ཟེར།
        ཉིན་རེར་སྟར་ག་གསུམ་དང་ཤིང་འབྲས་འབྲུག་མིག་བཞི།ཁ་སུར་དམར་པོ་ལྔ་རེ་བཟའ་བའི་ཟས་ཀྱི་གསོ་ཐབས་འདི་ནི་བལྟས་ཚོད་ཀྱིས་ཧ་ཅང་སླ་མོ་ཞིག་ཏུ་མཐོང་མོད།འོན་ཀྱང་རྒྱུན་འཁྱོངས་བྱེད་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མིན།ལོ་ངོ་འདི་འདྲ་མང་པོ་ཞིག་གི་རིང་ལ་ཨ་ནེ་ཚེ་སྒྲོན་སྐྱིད་ཀྱིས་རང་ཉིད་ཀྱི་ཟས་ཀྱི་གསོ་ཐབས་དེ་རྒྱུན་འཁྱོངས་བྱས་ནས་ཡོང་བ་རེད།ད་ལྟ་ཁོ་མོ་ལོ103ལ་བུད་ཡོད་ནའང་།རིག་པ་ཧ་ཅང་གསལ་བས།ཚོད་མ་ཉོ་བ་དང་ཟ་མ་གཡོས་སྦྱོར་བྱེད་པ་སོགས་ལ་བུ་ཕྲུག་ཚོས་རོགས་རམ་གང་ཡང་བྱེད་མི་དགོས་པར་མ་ཟད།གནམ་གཤིས་བཟང་བའི་སྐབས་སུ་མོ་ད་རུང་ར་སྐོར་ནང་ནས་ཁྱིམ་བྱར་གཟན་ཆས་སྟེར་བ་དང་ཁྱིམ་མཚེས་རྣམས་དང་མཉམ་དུ་སླེ་བོ་བཟོ་བ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1