རོང་བྲག་རྫོང་གི་ལི་སྡོང་མེ་ཏོག་རྣམ་པར་བཞད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-29



        ཟླ3པའི་ཚེས23ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གནས་ཆེན་རྒྱལ་མོ་དམུ་རྡོ་གྲོང་རྡལ་དགའ་སྤྲོ་ཡུལ་གྲོང་ཚོའི་རི་ཀླུང་ཀུན་ཏུ་ལི་སྡོང་མེ་ཏོག་རྣམ་པར་བཞད་ནས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོ་ལི་སྡོང་མེ་ཏོག་དང་བོད་རིགས་གྲོང་སྡེའི་གཞུང་ལམ་དུ་བརྒྱུད་དེ་དགའ་བ་འབུམ་གྱིས་མཉེས།

        དགའ་སྤྲོ་ཡུལ་གྲོང་ཚོ་ནི་རོང་བྲག་རྫོང་དཀྱིལ་ལམ་གྱི་བོད་རིགས་གྲོང་སྡེ་ཞིག་ཏུ་ཆགས་ཡོད་ལ། ཟླ་གསུམ་པའི་དཔྱིད་རླུང་གིས་གྲོང་སྡེའི་ནང་གི་གནའ་བོའི་ཤིང་སྡོང་མང་པོ་ཞིག་ལ་དཀར་མདོག་གི་མེ་ཏོག་བཞད་པར་བཅུག་སྟེ། མེ་ཏོག་རེ་རེ་ནི་ངོ་ཚ་བའི་གཞོན་ནུ་མ་ཞིག་དང་འདྲ་བར་དྲི་ཞིམ་ཡོངས་སུ་འཐུལ་ཞིང་། བསིལ་རླུང་འཇམ་པོ་དང་ཉི་ཟེར། བོད་ལུགས་ཐོག་ཁང་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་ཐུན་མོང་མ་ཡིན་པའི་མཛེས་པ་ཞིག་མངོན་བཞིན་ཡོད།
        རོང་བྲག་བོད་མཁར་གྱི་ལི་སྡོང་མེ་ཏོག་གིས་ཡིད་དུ་འོང་བའི་མཛེས་ལྗོངས་ཙམ་བསྐྲུན་པ་མ་ཡིན་པར། ད་དུང་སྙན་གྲགས་ལ་ཡིད་སྨོན་སྐྱེས་ནས་ཡོང་བའི་ཡུལ་སྐོར་བ་དང་། དེ་བཞིན་ལི་སྡོང་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་ས་གནས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཡོད།
        ཤེས་གསལ་ལྟར་ན། ལོ་རེའི་ཟླ་གསུམ་པར་མེ་ཏོག་རྣམ་པར་བཞད་པའི་སྐབས་སུ། ཡུལ་སྐོར་བ་ཁྲི་སྟོང་མང་པོ་མེ་ཏོག་ལ་བལྟ་བར་ཕེབས་ཡོང་།
        རོང་བྲག་གི་ལི་སྡོང་མེ་ཏོག་བཞད་པའི་དུས་ཡུན་ནི་ཟླ་གཅིག་ཙམ་ཡིན་ཞིང་། ལོ་རེའི་གནམ་གཤིས་འགྱུར་ལྡོག་བཞིན་མེ་ཏོག་གི་དུས་ཡུན་ཡང་མི་འདྲ་སྟེ། མེ་ཏོག་ལ་བལྟ་བའི་དུས་ནི་ས་བབ་མཐོ་ཚད་མི་འདྲ་བ་ལྟར་ཟླ་གསུམ་པའི་ཟླ་སྟོད་ནས་ཟླ་བཞི་པའི་ཟླ་སྟོད་བར་རྒྱུན་མཐུད་བྱེད་བཞིན་ཡོད།
        དེ་དང་ཆབས་ཅིག་ལི་སྡོང་མེ་ཏོག་བཞད་པའི་དུས་ཚིགས་སུ་ཁམ་བུའི་མེ་ཏོག་དང་ཀུ་ཤུའི་མེ་ཏོག་སོགས་ཀྱང་ས་བབ་དམའ་ས་ནས་ས་བབ་མཐོ་སའི་ཁུལ་དུ་རིམ་བཞིན་རྣམ་པར་བཞད་ཀྱིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1