ལྷོ་སྣེའི་འཁྱགས་རོམ་ཞིག་ཐོར་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-29


     ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ་ནས་ཟླ་3ཚེས་25ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་སྣེའི་ས་ཁུལ་གྱི་ཤར་རྒྱུད་དུ་ཡོད་པའི་སྤྱི་ལེ་གྲུ་བཞི་མ་1200ཙམ་ཟིན་པའི་ཁང་ཀེ་འཁྱག་རོམ་དེ་ཚེས་15ཉིན་གྱི་སྔ་རྗེས་སུ་ཐོར་ཞིག་ཏུ་ཕྱིན་ཡོད་པ་རེད། དབྱིན་ཇིའི་ལྷོ་སྣེའི་རྟོག་ཞིབ་ཁྲུའུ་ཡི་རྒྱ་མཚོའི་གོ་ལའི་དངོས་ཁམས་རིག་པ་མཁས་ཅན་ནོར་བུ·ལ་ཐེས་གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཁྱག་རོམ་ཐོར་ཞིག་འགྲོ་བ་ཇེ་མང་དུ་ཕྱིན་ཡོད་ཅེས་བཤད་པ་རེད། ཧྥ་རན་སི་དང་དབྱི་ཐ་ལིའི་མཉམ་སྐྲུན་བྱས་པའི་ཁང་ཁོ་ཏི་ཡའི་ལྷོ་སྣེའི་རྟོག་ཞིབ་ས་ཚིགས་ཀྱིས་ཟླ་འདིའི་ཚེས་18ཉིན་དྲོད་ཚད་འཇལ་བར་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་11.5ལ་སླེབས་ཡོད་པ་དེས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། གྲངས་ཀ་འདི་ནི་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་ཆ་སྙོམས་ཆུ་ཚད་ཧྲེ་ཧྲི་ཏུའུ་40ཡིས་མཐོ་བ་ཡོད་པ་རེད།
     ལཱ་ཐེ་ཡིས་འདས་ཟིན་པའི་ལོ་ངོ་40ཡི་རིང་། ལྷོ་སྣེའི་ས་ཁུལ་དུ་འཁྱག་རོམ་ཐོར་ཞིག་གི་སྣང་ཚུལ་རབ་དང་རིམ་པ་ཐོན་ཡོད་མོད། འོན་ཀྱང་གཙོ་བོ་དྲོད་ཚད་ཅུང་མཐོ་བའི་ནུབ་རྒྱུད་དུ་ཐོན་ཡོད། ང་ཚོས་སྲུང་སྐར་གྲངས་གཞི་བསྡུ་ལེན་བྱས་པ་ནས་བཟུང་ལྷོ་སྣེའི་ཤར་རྒྱུད་དུ་འཁྱག་རོམ་ཐོར་ཤིག་གི་གནས་ཚུལ་དེ་འདྲ་ཐོན་མྱོང་མེད། ཁང་ཀེའི་འཁྱག་རོམ་གྱི་རྒྱ་ཁྱོན་དེ་གྲོང་ཁྱེར་ཆེན་པོ་ཞིག་ལས་ཆེ་མོད། འོན་ཀྱང་ལཱ་ཐེས་དེ་ནི“ཧ་ཅང་ཆུང་བའི”འཁྱག་རོམ་ཞིག་ཡིན་པས་ལོ་མང་རིང་ཟམ་མི་ཆད་པར་ཆུང་དུ་ཕྱིན་ནས་མཐར་ཐོར་ཞིག་ཏུ་ཕྱིན་པ་ཡིན་ཚུལ་བཤད་ཡོད།
     ཨ་རིའི་རྒྱལ་ཁབ་ཀྱི་གངས་འཁྱག་གྲངས་གཞི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན། འཁྱགས་ཀླུང་རིག་པ་མཁས་ཅན་ཐེ་ཏེ·སི་ཁན་པོ་སིས་ཁང་ཀེ་འཁྱག་རོམ་ཐོར་ཞིག་ཏུ་སོང་བའི་རྒྱུ་རྐྱེན་ནི་ཉེ་ཆར་དྲོད་ཚད་ཅུང་མཐོ་བ་དང་། མཚོ་དར་ཞུ་ཚད་ཟིན་ཐོ་གསར་གཏོད་ཀྱི་ཚད་དུ་སླེབས་པ་དང་འཁྱགས་རོམ་ལ་མཚོ་རླབས་ཀྱི་རྡབ་རྡེག་ཕོག་པས་རེད་ཅེས་བཤད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1