བོད་པ་དང་ནོར་གནག་དབར་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ནའང་། ནོར་གྱི་ལུས་སྟེང་གི་ནོར་བུ་ལྟ་བུའི་ཁུ་ལུ་དེ་ཚང་མས་སྣང་མེད་དུ་བཞག་ཡོད། “ཁུ་ལུ”ཞེས་པ་ནི་ས་མཐོའི་གྲང་རྒྱུད་ས་ཁུལ་དུ་འཚོ་གནས་བྱེད་པའི་ནོར་གནག་ལ་དམིགས་བསལ་དུ་ཡོད་པའི་སྤུ་ཞིབ་ཅིང་ཕྲ་བ་དེ་ཡིན་ཞིང་། གྲང་བ་འགོག་པའི་བྱེད་ནུས་ལྡན། ནོར་ཁུལ་དེ་ནི་ལོ་རེའི་སྟོན་ཁར་སྐྱེ་བ་དང་། དཔྱིད་ཀ་སླེབས་དུས་རང་བཞིན་གྱིས་ལྷུང་སྲིད།
མི་རྣམས་ཀྱིས་རྒྱུན་དུ་མཐོང་བ་ནི“བལ”ཞེས་པ་དེ་རེད། ནོར་ཁུལ་གྱི་མདོག་དང་འཇམ་ཚད་དེ་ལུག་བལ་ལས་ཅུང་ཞན་ནའང་དེ་དང་འདྲ་བར་ཚགས་དམ་ཞིང་བརྡར་བཟོད་ཐུབ་པ་མ་ཟད་མཐོང་དཀོན་པ་ཞིག་ཀྱང་ཡིན།
སྤྱི་ཟླ3པའི་ཚེས17ཉིན། གསར་འགོད་པ་རྐང་ཚ་རྫོང་ཨ་ཡར་ཁུལ་ནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་ལ་ལྟ་སྐོར་དུ་ཕྱིན་ཞིང་། འགྲེམས་སྟོན་ཁང་ནང་ཁ་དཀྲིས་དང་ཕྱིང་ཞྭ། འདྲུད་ལྷམ། འགེལ་ཆས། ཅོག་ཁེབས་སོགས་ནོར་ཁུལ་ཐོན་རྫས་སྣ་ཚོགས་ཚོང་སྒྲོམ་ཐོག་བཤམས་ཡོད་པ་དེས་མི་རྣམས་ཀྱི་མིག་དབང་འཕྲོག
“ང་རང་འཚར་ལོངས་བྱུང་བའི་གོ་རིམ་དེ་ནོར་གནག་དང་ཁ་འབྲལ་ཐབས་མེད་ལ། ངའི་འཚོ་བའང་ནོར་གནག་དང་ཁ་འབྲལ་ཐབས་མེད་པས། ད་ལྟ་ངའི་ལས་ཀའང་ནོར་གནག་དང་ཁ་འབྲལ་ཐབས་མེད་པར་གྱུར་ཡོད། ལོ40ལ་སླེབས་པའི་རྡོ་རྗེ་ཚེ་རིང་ནི་ཨ་ཡར་ཁུལ་ཞེས་པ་གསར་གཏོད་མཁན་ཡིན་ལ། རྐང་ཚ་རྫོང་ཨ་ཡར་ཁུལ་ནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བའང་ཡིན།图片
“ཨ་ཡར་ཁུལ’(yak)ནི‘ནོར’ཞེས་པའི་དབྱིན་ཡིག་སྒྲ་སྒྱུར་བྱས་པ་དང་། ‘ཨ་ཡར་ཁུལ’(iyak)ནི‘ང་དང་ནོར་གནག་དམ་པོར་འབྲེལ་ཡོད’ཅེས་པའི་དོན་ཡིན། དེས་ངས་ནོར་གནག་ལ་བཅངས་པའི་བརྩེ་དུང་མཚོན་གྱི་ཡོད”པར་མ་ཟད། བོད་ཡིག“ནོར་གནག”གི་སྒྲ་འདོན་སྟངས་དང་ཧ་ཅང་འདྲ་པོ་ཡོད་པར་བརྟེན་ང་ཚོའི་སྤུས་རྟགས་ཀྱི་མིང་དེ‘ཨ་ཡར་ཁུལ’ཞེས་གཏན་འཁེལ་བྱས་པ་ཡིན”ཞེས་རྡོ་རྗེ་ཚེ་རིང་གིས་ལག་ཏུ་ནོར་ཁུལ་བཟུང་ཞིང་གདོང་ལ་དགའ་བའི་འཛུམས་མདངས་ཤར་བཞིན་གསར་འགོད་པར་བཤད་བྱུང་།
ཕྱིར་འཚོང་འགན་ཁུར་བ་ཕག་མོ་ནི་རྡོ་རྗེ་ཚེ་རིང་གི་ཡུལ་མི་ཞིག་ཡིན། “འདི་ནི་ནོར་ཁུལ་གྱི་སྐེ་དཀྲིས་རེད། དེ་ནི་ནོར་ཁུལ་གྱི་འདྲུད་ལྷམ་ཞིག་ཡིན་ལ་འཇམ་ཞིང་དྲོ་པོ་ཡོད། ”ཞེས་ཁོས་རང་ཁྱིམ་གྱི་ནོར་བུ་ངོ་སྤྲོད་བྱེད་པ་ནང་བཞིན་གསར་འགོད་པར་ཁུ་ལུའི་ཐོན་རྫས་རེ་རེ་ངོ་སྤྲོད་བྱས།图片
“ངས་བཟོས་པའི་ཕྱིང་ཞྭ་དེར་འབྲོག་པ་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ལོ་གསར་དང་དུས་ཆེན་སྐབས་སུ་ཁོ་ཚོ་ངའི་ཚོང་ཁང་དུ་ཉོ་རུ་ཡོང་གི་ཡོད། གཉེན་ཉེ་དང་གྲོགས་པོར་ལེགས་སྐྱེས་འབུལ་ན། འདི་ནི་གདམ་ག་ཡག་པོ་ཞིག་ཡིན།”ཞེས་ཕྱིང་ཞྭ་བཟོ་མཁན་གྱི་ལག་རྩལ་དགེ་རྒན་བསོད་ནམས་ཐར་གྱིས་དེ་ལྟར་བཤད།
“སྔོན་ཆད་ནོར་གནག་གིས་ཁུ་ལུ་འཕངས་ཐེངས་གཅིག་གིས་ནོར་ཁུལ་ཚང་མ་རླུང་གིས་ཁུར་འགྲོ་བ་དང་། ཡང་འབྲོག་པ་ལ་ལས་ནོར་ཁུལ་བྲེགས་རྗེས་མེར་བསྲེག་གི་ཡོད། ད་ལྟ་ནོར་ཁུལ་ནོར་བུར་གྱུར་འདུག”
“དེ་སྔ་ང་ཚོས་ནོར་ཁུལ་ལྷུང་བར་སེམས་ཁུར་བྱེད་ཀྱི་ཡོད། རྒྱུ་མཚན་ང་ཚོས་ལོ་རེར་ནོར་བཤའ་བའི་སྐབས་སུ་ལན་རེར་ནོར་གྱི་གྲོད་པའི་ནང་དུ་ནོར་ཁུལ་སོང་འདུག སྟབས་ལེགས་པ་ཞིག་ལ་རྡོ་རྗེ་ཚེ་རིང་གི་སྤྱི་གཉེར་ཁང་བཙུགས་པ་ནས། ཁོ་ཚོ་ཁྱིམ་ཚང་དུ་ནོར་ཁུལ་ཉོ་སྒྲུབ་བྱེད་པར་ཡོང་གི་ཡོད་པས། ང་ཚོར་ཡོང་འབབ་གསོག་ཐུབ་པར་མ་ཟད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱང་བྱེད་ཐུབ་སོང་།”ཞེས་འགྲེམས་ཁང་དུ་ཅ་དངོས་ཉོ་མཁན་གྱི་སྐུ་མགྲོན་ཞིག་གིས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱས།
“ཚོང་ལས་ཀྱི་གོ་སྐབས་ལ་དམིགས་ཏེ་ལྷད་རྫས་ནོར་བུར་བཏང་བ། རྡོ་རྗེ་ཚེ་རིང་གིས་སྐད་ཆ་ཚིག་གཅིག་གི་ཐོག་ནས་ཁོའི་ལས་གཞི་གསར་གཏོད་ཀྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་མོད། འོན་ཀྱང་ཁོའི་ཚོང་ལས་ཀྱི་བརྒྱུད་རིམ་ནི་དཀའ་ཚེགས་ཀྱིས་ཁེངས་ཡོད་པ་ཞིག་ཡིན།
རྡོ་རྗེ་ཚེ་རིང་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོར་སྐྱེས་ཤིང་། ཆུང་དུས་སུ་ཨ་མས་ཁོ་དང་གཅུང་མོ་སློབ་གྲྭར་གཏོང་ཆེད་ཁོ་ཚོ་རྫོང་དུ་ཁྲིད་ནས་ཨ་མའི་ལས་ཀ་བྱེད་སའི་རྫོང་གི་ཀོ་བའི་བཟོ་གྲྭའི་མཛོད་ཁང་ཞིག་ཏུ་གནས་སྡོད་བྱས། དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་འཚར་ལོངས་བྱུང་བའི་རྡོ་རྗེ་ཚེ་རིང་ལ་དབུལ་ཕོངས་ཀྱི་འཚོ་བའི་ཁྲོད་སྲ་ཞིང་བརྟན་པའི་གཤིས་ཀ་ཞིག་གྲུབ་ཡོད། ལོ་དེའི་མཐོ་རྒྱུགས་ཁྲོད་ཁོ་རང་མཚོ་སྔོན་དགེ་འོས་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་བོད་དབྱིན་ལོ་ཙཱའི་ཆེད་ལས་སྦྱངས། སློབ་མཐར་ཕྱིན་རྗེས་ཁྲིན་ཏུའུ་རུ་ཡོད་པའི་ཧྥ་རན་སེའི་མ་འཇོག་ཁེ་ལས་ཤིག་དུ་ལས་ཀ་བྱས། སྤྱི་ལོ་2014ལོར་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཞི་གསར་གཏོད་བྱས་ཏེ་རྐང་ཚ་ཨ་ཡར་ཁུལ་ནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་རེད།
དབྱིན་སྐད་ཀྱི་ཆུ་ཚད་མཐོན་པོ་དང་ཕྱི་རྒྱལ་ཁེ་ལས་ཀྱི་ཉམས་མྱོང་བཟང་པོར་བརྟེན་ནས་ལས་གཏོད་བྱེད་འགོ་ཚུགས་མ་ཐག་ཁོང་གི་མིག་རྒྱང་ཡང་ཕྱི་རྒྱལ་གྱི་ཁྲོམ་རར་ཕྱོགས་ཡོད།
ཕ་ཡུལ་དུ་ལོག་པའི་རྡོ་རྗེ་ཚེ་རིང་གིས་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་བཟང་པོའི་རྗེས་ཟིན་ཏེ། ལས་གཏོད་དངུལ་བུན་སྒོར་ཁྲི30རེ་ཞུ་བྱས་པར་མ་ཟད། རྒྱལ་ཁའི་ངང་རྐང་ཚ་རྫོང་དབུལ་སྐྱོར་ཐོན་ལས་ཚོད་ལྟའི་དཔེ་སྟོན་གླིང་དུ་ཞུགས་ཐུབ་པས། དེ་ནས་བཟུང་རྡོ་རྗེ་ཚེ་རིང་གིས་རྐང་ཚ་ཨ་ཡར་ཁུལ་ནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་དངོས་སུ་བཙུགས་པ་རེད།
སྤྱི་གཉེར་ཁང་བཙུགས་པ་ནས་རྡོ་རྗེ་ཚེ་རིང་གིས་ལོ་ལྟར་ཉེ་འགྲམ་གྱི་འབྲོག་པའི་ཁྱིམ་ནས་ཁུ་ལུ་ཉོས་པས། འབྲོག་པ་ཚོས་དེ་སྔ་བེད་མེད་དུ་བསྐྱུར་བའི་ནོར་ཁུལ་ལས་ཁོ་ཚོར་ཡོང་འབབ་བརྟན་པོ་ཡོང་ཐུབ་པ་ཤེས་པས་ལོ་རེའི་དབྱར་དུས་སུ་ནོར་ཁུལ་བསྡུ་བཞིན་ཡོད། འབྲོག་པར་རོགས་རམ་བྱ་ཆེད། རྡོ་རྗེ་ཚེ་རིང་གིས་འབྲོག་པའི་ཁྱིམ་ནས་ནོར་ཁུལ་ཐད་ཀར་ཉོ་སྒྲུབ་བྱེད་པར་མ་ཟད། ད་དུང་ཡུལ་དེ་གའི་མི་རྣམས་སྤྱི་གཉེར་ཁང་དུ་བསྡུས་པ་དང་། ལྷག་པར་དུ་བུད་མེད་དང་རྒན་རྒོན། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་གྱིས་སྔོན་ལ་བསྡུས་པས། མིག་སྔར་རྡོ་རྗེ་ཚེ་རིང་གི་ལས་མིའི་ཁྲོད་མང་ཆེ་བ་བུད་མེད་ཡིན།
རྡོ་རྗེ་ཚེ་རིང་འདི་ལྟར་རང་ཉིད་ཀྱི་ལས་གཏོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས། ཁོས་ནོར་ཁུལ་འཐག་བྱེད་ཀྱི་འཕྲུལ་ཆས་ཐོག་མ་ཉོས་ཤིང་ནོར་ཁུལ་བསྡུ་ཉོ་བྱེད་པའི་འགོ་བརྩམས། འོན་ཀྱང་ལས་གཞི་གསར་གཏོད་ཀྱི་ལམ་བུའི་ཐོག་དཀའ་ཚེགས་མང་པོ་འཕྲད། དང་ཐོག་འབྲོག་པ་ཚོས་བེད་མེད་དུ་བསྐྱུར་བའི་ཁུ་ལུ་བཙོངས་ཐུབ་པར་ཡིད་ཆེས་མི་བྱེད་ལ། ཚང་མས་ཁོ་ལ་གཞོགས་འདེགས་དེ་འདྲ་བྱེད་ཀྱི་མེད། རྒྱུ་མཚན་ནི་ནོར་ཁུལ་དེ་རེ་རེ་བྱས་ནས་འཚོལ་སྡུད་བྱེད་དགོས་པས་ཡིན།
དུས་ཡུན་རིང་བོའི་རིང་ལ། རྡོ་རྗེ་ཚེ་རིང་གིས་ཁོའི་ཡིད་རྟོན་ལ་བརྟེན་ནས་མང་ཚོགས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་སྟེ་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་ཡོད་པས། ད་ལྟ། ཁོ་རང་ཐོན་མ་ཐག་འབྲོག་པ་མང་ཚོགས་ཀྱིས་རང་འགུལ་ངང་འབྲི་གཡག་གི་ཁུ་ལུ་འཁྱེར་ཡོང་ནས་ཁོང་ལ་སྤྲོད་ཀྱི་ཡོད། “ངས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་ཚང་མར་ཡོང་འབབ་དེ་བས་མང་བ་གཏོད་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།”ཞེས་ཀུན་གྱིས་ཡིད་ཆེས་བྱེད་པའི་མདུན་དུ་རྡོ་རྗེ་ཚེ་རིང་གིས་ལྷག་བསམ་ཟོལ་མེད་ངང་དེ་ལྟར་བཤད།
སྤྱི་གཉེར་ཁང་གི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྐོར་གླེང་སྐབས། རྡོ་རྗེ་ཚེ་རིང་གིས“ཐོག་མར་ང་ཚོས་ནོར་གྱི་ཁུ་ལུ་བཟོ་བྱེད་ཀྱི་རྒྱུ་ཆ་ཕྱིར་འཚོང་བྱས་པ་དང་། རྗེས་སུ་ང་ཚོ་རང་ཉིད་ཀྱིས་ཀྱང་སྐེ་དཀྲིས་དང་ནོར་གྱི་ཁུ་ལུའི་ཐོན་རྫས་གཞན་དག་བཟོ་འགོ་བརྩམས། དེ་དང་ཆབས་ཅིག ད་དུང་བལ་གྱི་ཕྱིང་རིགས་ཀྱི་ཐོན་རྫས་ཁག་ཅིག་གསར་སྤེལ་བྱས་ནས་ནོར་གྱི་ཁུ་ལུ་ཕྱིར་འཚོང་དང་ཐོན་སྐྱེད་ཀྱི་གོ་རིམ་འཕྲོ་བརླག་ཏུ་མི་འགྲོ་བ་མངོན་འགྱུར་བྱུང་ཡོད།”ཅེས་གསར་འགོད་པར་བཤད།
རྗེས་སུ། ཐོན་རྫས་ཉོས་པའི་མངགས་ཐོ་ཇེ་མང་དུ་སོང་ནས་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་ཕྱིན་པར་མ་ཟད། ད་དུང་ས་གནས་ཀྱི་འབྲོག་པར་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད་ཅིང་། དེས་མ་ཚད་སི་ཁྲོན་དང་ཀན་སུའུ་སོགས་ནས་ཡོང་བའི་འབྲོག་པར་ཁུ་ལུའི་ཐོན་སྐྱེད་བཟོ་རྩལ་གསོ་སྦྱོང་ཡང་བྱས་ཤིང་། ལོ་ལྟར་རིན་མི་དགོས་པར་ནོར་གྱི་ཁུ་ལུའི་ཕྱིང་བ་བཟོ་བ་སོགས་ཀྱི་གསོ་སྦྱོང་བྱས་པས་མི་སྟོང་ཕྲག་ཁ་ཤས་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད་ལ་དེའི་ཁྲོད་ཀྱི80%ནི་བུད་མེད་རེད།
“ད་ལྟ་ང་ཚོས་བོད་ཡིག་གསལ་བྱེད་ཀྱི་ལག་ཤེས་ཐོན་རྫས་མུ་མཐུད་གསར་སྤེལ་བྱེད་ཀྱིན་ཡོད། བོད་རིགས་ས་ཁུལ་གྱི་བྱིས་པ་མང་པོའི་རྩེད་ཆས་དང་སློབ་སྦྱོང་ཡོ་བྱད་ནི་འགྱིག་གིས་བཟོས་པ་ཡིན་པས། གལ་སྲིད་ནོར་ཁུལ་སྤྱད་ནས་ཇུས་འགོད་བྱེད་ཐུབ་ཚེ་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་ལ་བྱིས་པའི་བདེ་ཐང་ལའང་ཕན་པ་ཡོད། གཞན་ཡང་ནོར་ཁུལ་རྒྱུ་ཆ་འཚོང་འགོ་ཚུགས་མ་ཐག་ནས་རྒྱལ་ནང་གི་ས་ཁུལ་ནས་དབྱིན་ཇི་དང་ནེའུ་ཙི་ལན། དབྱི་ཐ་ལི་སོགས་ཕྱི་རྒྱལ་གྱི་ས་ཁུལ་དུ་རྒྱ་སྐྱེད་ཐུབ་ཡོད”ཟེར།
ད་ལྟ་ནོར་ཁུལ་བྲིན་ཚོང་ཁྲོམ་ར་སྔར་བས་ཆེ་རུ་ཕྱིན་ནས་རྡོ་རྗེ་ཚེ་རིང་གི་ལས་གཏོད་ལམ་བུ་སྔར་བས་རྒྱ་ཆེར་ཕྱིན་ཡོད། ན་ནིང་ཁོ་ནར་ཨ་ཡར་ཁུལ་གསར་སྤེལ་ཕྱིར་ཚོང་ཚད་ཡོད་སྤྱི་གཉེར་ཁང་གིས་ནོར་ཁུལ་ཐོན་རྫས4000ལྷག་ཙམ་ཕྱིར་འཚོང་བྱས་པ་དང་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི200ཟིན་ཡོད་པས་དཀོན་ལོ་གོང་མ་གྲོང་ཚོ་དང་ཉེ་འཁོར་ས་ཁུལ་གྱི་འབྲོག་ཁྱིམ1000ལྷག་ཙམ་ལ་ཡོང་འབབ་འཕར་ཡོད་པ་རེད། རྡོ་རྗེ་ཚེ་རིང་སྔ་རྗེས་སུ“མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་འགྱུར་སྣེ་ཁྲིད་པ”དང“རྐང་ཚ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”ལ་བདམས་པ་རེད།
མ་འོངས་པའི་འཕེལ་རྒྱས་སྐོར་གླེང་སྐབས་རྡོ་རྗེ་ཚེ་རིང་གིས་གསར་འགོད་པར“ཨ་ཡར་ཁུལ”ནི་རྐང་ཚ་རྫོང་གི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་ཆོག་འཐུས་ལག་ཁྱེར་ཡོད་པའི་སྤྱི་གཉེར་ཁང་ཞིག་ཡིན་པར་མ་ཟད། འཛམ་གླིང་ཐོག་སྤུས་ཚད་ལེགས་ཤོས་ཀྱི་ནོར་ཁུལ་རྒྱུ་ཆ་ཡང་ཡོད། སྤྱི་གཉེར་ཁང་ནི་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་བྱེད་མཁན་ཞིག་ཡིན་པར་མ་ཟད། མི་རིགས་མང་པོའི་སྐད་བརྡའི་ནུས་པ་ལྡན་པའི་ཤེས་ལྡན་པའི་ཕུལ་བྱུང་གི་ཚོགས་པ་ཞིག་ཀྱང་ཡིན་པས། མ་འོངས་པར་ངས་ནོར་ཁུལ་ལས་སྣོན་ལག་རྩལ་ས་ཁུལ་དེ་བས་མང་བར་ཁྱབ་གདལ་གཏོང་འདོད་ཡོད་ཟེར།
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་སྔོན་ཆད་དེ་འདྲའི་མཐོང་ཆེན་མི་བྱེད་པའི་ནོར་ཁུལ་ཡང་འཐག་ལས་འཕྲུལ་འཁོར་གྱི་ལས་སྣོན་བརྒྱུད་ངོ་མཚར་ཆེ་བའི་ཕྱུག་འགྱུར་གྱི་རེ་བ་རེ་རེ་བཞིན་འབྲོག་པའི་ལག་ཏུ་བསྐྱལ་ནས་ས་མཐོའི་ནོར་གནག་གི་ཁུ་ལུ་འཛམ་གླིང་དུ་སྐྱོད་པའི་ཕུགས་འདུན་འགྲུབ་བཞིན་མཆིས།