༄༅།། གནའ་རབས་སློབ་གསོའི་གཏམ་རྒྱུད་དང་དེང་རབས་ཀྱི་དགེ་གཤིས།

གཅན་རོང་བསྟན་འཛིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 04-20



གཅན་རོང་བསྟན་འཛིན།
        [གནད་བཏུས] ཁ་སང་གི་སློབ་གསོའི་གཏམ་རྒྱུད་རེ་རེ་ནི་དེ་རིང་གི་དགེ་གཤིས་ཀྱི་མེ་ལོང་གསལ་པོ་རེ་རེ་ནས་སློབ་གསོའི་ཉམས་མྱོང་དང་བསླབ་བྱ་གལ་ཆེན་རེ་རེ་རེད་ལ། ཉིང་བཅུད་གཅིག་ཏུ་བསྡུས་ན་འབྱུང་འགྱུར་གྱི་སློབ་ཁྲིད་སློབ་གསོའི་བསམ་བློ་དང་ཐབས་ལམ་གྱི་འབྱུང་ཁུངས་འཛད་མཐའ་མེད་པ་ཞིག་ཀྱང་ཡིན་པས། འདི་ནས་དེང་རབས་དགེ་གཤིས་ཀྱི་ཐད་ནས་གནའ་རབས་བོད་ཀྱི་སློབ་གསོའི་གཏམ་རྒྱུད་དང་སྦྱར་ནས་བརྗོད་ཡོད།
        [གནད་ཚིག] དགེ་གཤིས། གཏམ་རྒྱུད། ཉམས་མྱོང་། བསླབ་བྱ།
        དགེ་རྒན་གྱི་ཤེས་ནུས་ཀྱིས་སློབ་མའི་ཤེས་རབ་ཀྱི་གཏེར་སྒོ་འབྱེད་པ་དང་། དགེ་གཤིས་ཀྱིས་སློབ་མའི་མི་གཞི་དང་ཀུན་སྤྱོད་ཀྱི་རྨང་གཞི་འདིང་པ་མ་ཟད། དགེ་རྒན་རང་གི་གསར་བཏོད་དང་རྩལ་ནུས་ཀྱིས་སློབ་མའི་འཇོན་ཐང་གི་མྱུ་གུ་བསྐྱངས་དང་སྐྱོང་བཞིན་ཡོད་པས། དགེ་བཀུར་སློབ་གཅེས་ནི་རང་བཞིན་གྱིས་འགྲོ་བ་མིའི་རིགས་དང་འཛམ་གླིང་གི་ཀུན་སྤྱོད་ཆེན་པོ་ཞིག་ཏུ་གྱུར་པ་རེད། ཀུན་སྤྱོད་ཆེན་པོ་འདིར་ངོས་འཛིན་དང་གཙིགས་ཆེན་བྱས་མིན་དང་བྱེད་པའི་ཚད་གཞི་འདྲ་མིན་གྱི་དབང་གིས་སློབ་དང་གསོ་ཡི་གོ་རིམ་རེ་རེའི་གསོན་ཤུགས་དང་བརྩོན་སེམས་ཐག་གཅོད་བྱེད་བཞིན་ཡོད་པ་དང་མཉམ་དུ་སྤྱི་ཚོགས་ཤིག་གི་སྤུས་ཚད་དང་།དུས་རབས་དང་མི་རིགས་ཤིག་གི་འཕེལ་རྒྱས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
        དེ་བས། ངས་འདི་ནས་དེང་རབས་དགེ་གཤིས་ཀྱི་ཐད་ནས་གནའ་རབས་བོད་ཀྱི་སློབ་གསོའི་གཏམ་རྒྱུད་ཚན་པ་ཞིག་མཚམས་སྦྱོར་དབྱེ་ཞིབ་བྱ་རྒྱུ་ཡིན།
        དེ་ཡང་སྔོན་འདོད་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ཆེན་གནས་ཆུང་ལ་ནང་བྱན་ཆུད་པའི་དགེ་རྒན་ཞིག་ཡོད་པ་དང་།སློབ་དཔོན་དེར་རྒྱལ་བུ་དགེ་མཐོང་ཞེས་བྱ་བའི་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་ལ། འཆད་ཉན་སློབ་ཁྲིད་བརྒྱུད་དེ་སློབ་མ་རྒྱལ་བུ་ཐོས་བསམ་མཐར་ཕྱིན་ནས་གནས་ལྔ་རིག་པའི་པཎྜི་ཏ་ཞིག་ཏུ་གྱུར་པས། སྐབས་དེར་ཡུལ་ཁམས་དེ་ན་སློབ་མ་རྒྱལ་བུ་དགེ་མཐོང་གི་གོང་ན་རང་གི་དགེ་རྒན་བྲམ་ཟེ་དུང་ཕྲེང་ལས་གཞན་མཁས་པ་སུ་ཡང་མེད་པར་གྱུར་ན། རྒྱལ་བུ་དགེ་མཐོང་གི་སེམས་ལ་ངའི་གོང་ན་ད་དུང་རང་གི་དགེ་རྒན་བྲམ་ཟེ་དུང་ཕྲེང་ཡོད་པས་གལ་ཏེ་དགེ་རྒན་ཁོ་མེད་ཚེ་ང་རང་རྒྱལ་མཚན་གྱི་ཏོག་ལྟ་བུར་འགྱུར་རོ་སྙམ་སྟེ། རང་གི་དགེ་རྒན་ལ་ཕྲག་དོག་ཆེས་ཆེར་སྐྱེས་ཤིང་མཐར་རང་གི་བཀའ་དྲིན་ཅན་གྱི་དགེ་རྒན་བྲམ་ཟེ་དུང་ཕྲེང་ལ་འོས་མིན་གྱིས་ཐོ་འཚམ་པ་ལ་དགེ་རྒན་དུང་ཕྲེང་གིས་སློབ་མ་རྒྱལ་བུ་དགེ་མཐོང་གི་ཐོ་འཚམ་པའི་གནས་ཚུལ་ཡ་ང་བ་གསལ་བོར་ཤེས་ཀྱང་ཁོ་ལ་རང་གི་ཚེ་སྲོག་གི་ཉེན་ཁ་ལས་གཡོལ་བའི་ཐབས་གཞན་མེད་པར་རང་ཡང་ཞེ་སྡང་གི་དབང་དུ་སོང་ནས། བྲམ་ཟེའི་རིགས་སྔགས་ཀྱི་ལས་སྦྱོར་ཁྱད་པར་ཅན་ལ་བརྟེན་ཏེ། མཐར་སློབ་མའི་ཕྲག་དོག་གིས་རང་གི་བཀའ་དྲིན་ཅན་གྱི་དགེ་རྒན་པཎྜི་ཏ་བཀྲོངས་པ་དང་། དགེ་རྒན་གྱིས་རང་གིས་བསྐྱེད་ཅིང་བསྲིངས་པའི་སློབ་མ་པཎྜི་ཏ་བརླགས་པས། དགེ་སློབ་གཉིས་ཀ་ངན་སོང་དུ་ལྷུང་ཞིང་ཁྱད་པར་དུ་སློབ་མ་རྒྱལ་བུ་དགེ་མཐོང་རིགས་དྲུག་གི་སྡུག་བསྔལ་རྣམ་པ་དྲུག་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་ནས་ཤིན་ཏུ་ཉམ་ཐག་པར་གྱུར་ཚེ། དཔལ་རྡོ་རྗེ་སེམས་དཔས་ངན་སོང་བ་དེ་དག་ལ་འགྱོད་ཚངས་ཀྱི་བཤགས་པ་བསྟན་པ་ན། དེ་དག་སྔོན་གྱི་རང་གི་ལས་ལ་འགྱོད་པ་དྲག་པོ་སྐྱེས་སྐབས། དཔལ་རྣམ་པར་སྣང་མཛད་ཀྱི་ཐུགས་རྗེ་ལས་གསང་བའི་བདག་པོས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་མཚན་སྔགས་བསྟན་པའི་བྱིན་རླབས་ལས། དགེ་སློབ་གཉིས་ཀ་དམྱལ་བའི་གནས་ལས་ཐར་ཏེ་ལྷའི་གནས་སུ་རིག་འཛིན་མི་ཡི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། ། ཞེས་པའི་གཏམ་རྒྱུད་འདི་ནི། བོད་ཀྱི་མདོ་སྒྱུ་སེམས་གསུམ་གྱི་རིག་གཞུང་ཆེན་པོའི་ཆོས་འབྱུང་གཏམ་རྒྱུད་གྲགས་ཆེ་བ་ཞིག་ཡིན་ལ། རིག་གཞུང་དེ་དག་ཏུ་གཏམ་རྒྱུད་འདིས་གཙོ་བོ་འགྱོད་བཤགས་ཀྱི་བསམ་བློ་དང་དྲང་བདེན་གྱི་བསམ་བློ། འདྲ་མཉམ་འཆམ་མཐུན་གྱི་བསམ་བློ་སོགས་གསལ་བཤད་བྱེད་བཞིན་ཡོད་ནའང་། དེ་རིང་སློབ་གསོ་རིག་པའི་ཆ་ནས་བལྟས་ན། སློབ་གསོའི་གཏམ་རྒྱུད་རྣལ་མ་ཞིག་ཡིན་པ་མ་ཟད། གནའ་རབས་ཀུན་སྤྱོད་སློབ་གསོ་དང་དགེ་གཤིས་སློབ་གསོའི་གཏམ་རྒྱུད་གསོན་པོ་ཞིག་ཀྱང་རེད།

གཏམ་རྒྱུད་དང་ཉམས་མྱོང་།
        གཏམ་རྒྱུད་འདི་ལས་གསལ་བོར་མཐོང་ཐུབ་པ་ནི། དགེ་རྒན་ཆེན་མོ་བྲན་ཟེ་དུང་ཕྲེང་ཁོང་སློབ་མའི་ཤེས་བྱའི་སྤུས་ཚད་རྐྱང་རྐྱང་སྐྱེད་སྲིང་བྱེད་པར་ཤིན་ཏུ་མཁས་པའི་སློབ་དཔོན་པཎྜི་ཏ་ཞིག་ཡིན་པ་རང་གི་སློབ་བུ་དགེ་མཐོང་པཎྜི་ཏར་བསྐྱེད་ཅིང་བསྲིངས་ཚད་ཀྱིས་གསལ་བོར་ཤེས་ནུས་ནའང་། བསམ་བློ་ཀུན་སྤྱོད་སྐྱེད་སྲིང་གི་ཆ་ནས་བལྟས་ན་དགེ་རྒན་ཚད་ལྡན་ཞིག་གཏན་ནས་མིན་ཏེ། ཁོའི་སློབ་མ་རྒྱལ་བུ་དགེ་མཐོང་ཞེས་བྱ་བ་ཀུན་སྤྱོད་སྐྱུག་བྲོ་བ་དང་། ཐ་ན་རང་གི་དགེ་རྒན་བཀའ་དྲིན་ཅན་ལའང་ཕྲག་དོག་བྱེད་པ་མ་ཟད། ད་དུང་དགེ་རྒན་གྱི་ཚེ་སྲོག་ལ་རྒོལ་བའི་ཚུལ་མིན་ལག་དམར་གྱི་སློབ་བུ་ཞིག་སྐྱེད་སྲིང་བྱས་པ་འདིས་སློབ་མ་རྒྱལ་བུ་དགེ་མཐོང་རང་གི་མི་གཤིས་ངན་པ་ཟངས་མར་བསྟན་པ་མ་ཟད། དགེ་རྒན་བྲམ་ཟེ་དུང་ཕྲེང་གིས་ཤེས་བྱའི་སྤུས་ཚད་ཁོ་ནར་གཙིགས་ཆེན་བྱས་པ་ལས་ཀུན་སྤྱོད་སྤུས་ཚད་སྟོང་རྐྱང་དུ་ལུས་པའི་གནས་ཚུལ་ངོ་མ་ཞིག་ཕྱིར་མངོན་ཡོད་པ་རེད། དེ་བས། ཀུན་སྤྱོད་སློབ་གསོར་གཙིགས་ཆེན་མི་བྱེད་པ་དང་དགེ་གཤིས་སློབ་གསོ་སྣང་མེད་དུ་འཇོག་པ་ནི་ཆ་མི་ཚང་བའི་སློབ་གསོ་ཞིག་དང་ཐ་ན་ཆེས་ཉེན་ཁ་ཅན་གྱི་སློབ་གསོ་ཞིག་ཡིན་པ་ཡང་བསྐྱར་གསལ་བཤད་བྱས་ཡོད། ངས་ཀྱང་དེ་སྔོན་སློབ་གསོ་ཞིག་ཏུ་ཀུན་སྤྱོད་མེད་པའི་ཤེས་ཡོན་ཅན་ནི་དེང་རབས་ཀྱི“འདྲེ”རེད་ལ་ཀུན་སྤྱོད་མེད་པའི་ནུས་པ་ཅན་ནི་དེང་རབས་ཀྱི“བདུད”རེད་ཅེས་བཤད་ཡོད་པ་མ་ཟད། ད་དུང་སློབ་ཐུན་རེ་རེའི་ནང་དུ་ཤེས་ནུས་དམིགས་ཚད(智力目标)དང་། བསམ་བློ་ཀུན་སྤྱོད་དམིགས་ཚད(道德目标)རྩལ་ནུས་དམིགས་ཚད(技能目标)རེ་རེ་བཞིན་ཡོངས་འགྲུབ་བྱས་ཡོད་མེད་སློབ་ཁྲིད་བཟང་ངན་གྱི་ཚད་གཞིར་བརྩི་བ་ནི་སློབ་གསོ་དཔལ་ཡོན་སྤྱི་ཚོགས་ཀྱི་མིའི་མ་མཐའི་སྤུས་ཚད་ཀྱི་རེ་བ་ཡིན་པ་ཤེས་ནས་ལག་བསྟར་བྱེད་རྒྱུ་དེ་བས་ཀྱང་གལ་ཆེ་ཚུལ་ནན་བཤད་བྱས་ཡོད། མི་ཕལ་ཆེ་བ་ཞིག་དང་སློབ་གསོ་པ་མང་ཆེ་བ་ཞིག་གིས་སློབ་གསོ་ཞེས་པ་དེ་སློབ་མས་རྒྱུགས་འཕྲོད་སོང་ན་རྣམ་པར་རྒྱལ་སོང་བ་རེད། ཀུན་སྤྱོད་རྗེས་ནས་བཅོས་ན་ཆོག་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་པ་ལས། རང་གི་དགེ་རྒན་ལ་འདྲེ་ལག་སྲིང་མཁན་གྱི་རྒྱལ་བུ་དགེ་བྱེད་དང་ཁོ་དང་ཁོ་འདྲ་བའི་སློབ་མ་ཡང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་འདིས། ཀུན་སྤྱོད་མི་གཞི་སློབ་གསོ་དང་དགེ་གཤིས་སློབ་གསོར་གཙིགས་ཆེན་བྱེད་དགོས་པ་གསལ་བཤད་བྱས་ཡོད་པ་མ་ཟད། ནང་སྒོས་སུ་བྱིས་པ་ནར་སོན་པའི་གོ་རིམ་དང་ཀུན་སྤྱོད་ཀྱི་རྩ་བའི་རྨང་གཞི་ཆགས་པའི་གོ་རིམ་ཁྲོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་དང་དགེ་གཤིས་སློབ་གསོར་དེ་བས་ཀྱང་ཤུགས་སྣོན་བྱེད་དགོས་པ་གསལ་བཤད་བྱས་ཡོད། ཁ་སང་གི་སློབ་གསོའི་ཁྲོད་ནས་དགེ་རྒན་བྲམ་ཟེ་དུང་ཕྲེང་བྱུང་བ་དང་སློབ་མ་རྒྱལ་བུ་དགེ་བྱེད་བྱུང་བ་མ་ཟད། མཐར་སློབ་དང་ཁྲིད་ཀྱི་གོ་རིམ་དེ་ལས་དགེ་སློབ་པཎྜི་ཏ་ཟུང་གི་སྐུ་སྲོག་ཤོར་བའི་སློབ་གསོའི་གཏམ་རྒྱུད་ཀྱི་མེ་ལོང་འདིས་དེ་རིང་གི་སློབ་དང་གསོ་ཡི་གོ་རིམ་སོ་སོར་སྲེག་བཅད་བརྡར་གསུམ་གྱིས་དཔྱད་ཞིབ་ཅིག་བྱེད་པའི་དབང་དུ་བཏང་ན། རང་ཅག་དགེ་རྒན་རྣམས་ལ་བསླབ་བྱ་ལེན་རྒྱུ་མང་པོ་ཞིག་ཡོང་ངེས་ཡིན་ལ་སློབ་གསོ་དོ་དམ་པ་དང་ཇུས་འགོད་པ་ཚོར་ཡང་བསམ་གཞིག་གཏོང་རྒྱུ་ཟབ་མོ་ཞིག་ཡོད་ངེས་རེད་སྙམ།
        གཏམ་རྒྱུད་འདི་ལས“སློབ་བུ་དགེ་མཐོང་གིས་རང་གི་དགེ་རྒན་བྲམ་ཟེ་དུང་ཕྲེང་ལ་ཕྲག་དོག་དང་གསོད་སེམས་སྐྱེས”པ་འདིས། སློབ་མ་རྒྱལ་བུ་དགེ་བྱེད་ལ་མི་ཚེའི་དམིགས་འབེན་དང་སློབ་གསོའི་ཕུགས་བསམ། འབྲེལ་འདྲིས་ཀྱི་ནུས་པ་སོགས་གཏན་ནས་མེད་པ་དང་། ཁོའི་སློབ་སྦྱོང་དེ་སློབ་སྦྱོང་གི་ཆེད་དུ་སློབ་སྦྱོང་དང་པཎྜི་ཏའི་ཆེད་དུ་པཎྜི་ཏ་བྱེད་པ། རང་གི་གོང་ན་གཞན་ཡོད་མེད་ཀྱི་ཕྲག་དོག་རྐྱང་རྐྱང་གི་སློབ་སྦྱོང་ཙམ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པས། ངས་བལྟས་ན། ཅི་ཞིག་གི་ཆེད་དུ་སློབ་སྦྱོང་བྱ་རྒྱུ་དང་ཅི་ལྟར་སློབ་སྦྱོང་བྱ་རྒྱུ་ནི། ཤེས་རབ་ཀྱི་འབྱུང་ཁུངས་དང་ཀུན་སྤྱོད་ཀྱི་རྩ་བ་ཡིན་ལ་ལེགས་འགྲུབ་ཀྱི་སྒུལ་ཤུགས་ཀྱང་རེད། དོན་ངོ་མས་བཤད་ན་སྤྱི་ཚོགས་དང་ཁྱིམ་ཚང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་དཔེར་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་སློབ་ཆེན་སོགས་འགྲིམས་ཚེ་སློབ་གྲོགས་གང་མང་ཞིག་གིས་རང་གི་སློབ་གྲྭ་ཆུང་འབྲིང་གི་བཀའ་དྲིན་ཅན་གྱི་དགེ་རྒན་དང་ཕ་མ་མིག་ནང་དུ་མི་འཇོག་པ་མ་ཟད། ད་དུང་དགེ་རྒན་ཁོ་དང་ཁོའི་རྒྱུ་མཚན་ངས་ཤེས་ཚུལ་དང་། དགེ་རྒན་ཁོས་ཅང་མི་ཤེས་ཚུལ། ཁོ་མི་བདེན་ཚུལ་སོགས་རྒྱལ་བུ་དགེ་བྱེད་ལྟ་བུའི་ཁ་མཁས་མང་པོ་ཞིག་དངོས་སུ་གོ་རྒྱུ་ཐོས་རྒྱུ་ཡོད་པ་འདི་ཀུན་སྤྱོད་སློབ་གསོ་དང་མི་གཞི་སློབ་གསོ་ལ་གཙིགས་ཆེན་གནང་རྒྱུའི་ཅོང་བརྡ་ཆེན་པོ་ཞིག་རེད་ལ། གཞི་རིམ་སློབ་གསོ་དང་སློབ་ཁྲིད་ལ་གསོན་ཤུགས་རྒྱས་པའི་ཐབས་ལམ་ཆེན་པོ་ཞིག་ཀྱང་རེད་སྙམ།

གཏམ་རྒྱུད་དང་བསླབ་བྱ།
        གཏམ་རྒྱུད་འདིས་དགེ་རྒན་གྱི་ཤེས་རབ་ཀྱིས་སློབ་མའི་ཤེས་བྱའི་སྤུས་ཚད་དང་དགེ་གཤིས་ཀྱིས་སློབ་མའི་མི་གཤིས་དང་ཀུན་སྤྱོད་སྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། མི་གཤིས་དང་ཀུན་སྤྱོད་སྤུས་ཚད་སྐྱེད་སྲིང་བྱེད་རྒྱུ་ནི་ཤེས་ནུས་དང་རྩལ་ནུས་སྤུས་ཚད་ཀྱི་གཏེར་ཁ་འདོན་རྒྱུ་ལས་ཀྱང་དཀའ་ཁག་ཆེས་ཆེ་བ་གསལ་བཤད་བྱས་ཡོད་ལ། ཤེས་ནུས་ཀྱི་ཐད་ནས་དགེ་རྒན་པཎྜི་ཏས་སློབ་མ་པཎྜྀ་ཏ་སྐྱེད་སྲིང་བྱས་ཡོད་ནའང་། ཀུན་སྤྱོད་སྤུས་ཚད་ཀྱི་ཆ་ནས་སློབ་མ་ལག་དམར་གྱིས་དགེ་རྒན་ལག་དམར་དུ་བཏང་སྟེ། མཐར་སྐབས་དེའི་སྤྱི་ཚོགས་ལ་མཁོ་ཆེ་ཞིང་། རྒྱལ་པོ་དགེ་བྱེད་ཚང་གི་རྒྱལ་རྒྱུད་སྤྱི་འབངས་ནས་བྲམ་ཟེ་ཤེས་ཡོན་ཅན་གྱི་རིགས་དང་སློབ་མ་ཡོངས་ལ་མཁོ་ཆེ་བའི་པཎྜི་ཏ་ཟུང་ཞིག་གི་སྐུ་སྲོག་ཤོར་བའི་གྱོང་གུད་ནི་ཁ་གསབ་ཐབས་མེད་པའི་གྱོང་ཆེན་ཞིག་ཏུ་གྱུར་ཡོད་ངེས་ཡིན་མོད། འཛམ་གླིང་དུ་གྲགས་པའི་གྱོང་ཆེན་འདིའི་འབྱུང་རྩ་གཙོ་བོ་ཡང་རྒྱལ་བུ་དགེ་བྱེད་ཀྱི་ཀུན་སྤྱོད་དང་ནང་སྒོས་སུ“ཕྲག་དོག”ལ་ཐུག་ཡོད་ཅིང་། རྒྱལ་བུའི་ཁྲག་དོག་དེ་ཡང་གློ་བུར་དུ་གནམ་ནས་བབས་པའམ་ས་ལས་སྐྱེས་པ་ལྟ་བུ་ཞིག་མ་ཡིན་པར་ཁོ་པཎྜི་ཏར་འགྱུར་བའི་གོ་རིམ་ཁྲོད་ནས་རིམ་གྱིས་ཆགས་ཡོད་ངེས་ཡིན་ན། དགེ་རྒན་དུང་ཕྲེང་གིས་རང་གི་སློབ་བུར་ཕྲག་དོག་གི་ནད་ཚབས་ཆེན་བྱུང་ཡོད་པ་ཤེས་ཡོད་ངེས་ཡིན་ཡང་ཁོས་ད་དུང་དུས་ལྟར་གཙིགས་ཆེན་དྲང་བཅོས་མ་བྱས་པར་ཕྲག་དོག་ཅན་གྱི་རྒྱལ་བུ་པཎྜིི་ཏ་ཞིག་ཏུ་སྐྱེད་སྲིང་བྱས་རྗེས། ད་གཟོད་དགེ་རྒན་དུང་ཕྲེང་ཁོར་བྲམ་ཟེའི་རིགས་སྔགས་ལ་བརྟེན་པ་ལས་ཐབས་གཞན་མེད་པར་གྱུར་པའི་ལོ་རྒྱུས་གསོན་པོ་འདིས། བྱིས་པ་ནར་སོན་པའི་གོ་རིམ་ནི་བྱིས་པ་ལ་ཤེས་ནུས་རྒྱས་པའི་གོ་རིམ་ཞིག་ཡིན་པ་དང་མཉམ་དུ་རྩལ་ནུས་དང་ཀུན་སྤྱོད། མི་གཞི་མི་གཤིས་སོགས་ཆགས་པའི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་། ནར་སོན་པའི་གོ་རིམ་རེ་རེ་ཀུན་སྤྱོད་སློབ་གསོའི་གནད་གསང་དང་གཏེར་ཁ་རེ་རེ་ཡིན་པ་ཤེས་ནས་དུས་ལྟར་གཙིགས་ཆེན་གནང་རྒྱུའི་བསླབ་བྱ་ཤིན་ཏུ་གལ་ཆེ་བ་ཞིག་རེད་སྙམ།
        ཞན་ཆ་ལེགས་ཆར་བསྒྱུར་རྒྱུ་ནི་དེང་རབས་རིག་གཞུང་གི་སྔོན་ཐོན་བསམ་བློ་ཞིག་རེད་ལ་གནའ་རབས་རིག་གཞུང་འདིའི་རྩ་བའི་ཐབས་ཤེས་དང་བསླབ་བྱ་གལ་ཆེན་ཞིག་ཀྱང་ཡིན་པས། ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན། དགེ་རྒན་ནི་སློབ་མའི་ཤེས་ནུས་སྤྱོད་གསུམ་གྱི་གཏེར་ཁ་ཆེན་པོ་སྔོག་འདོན་པ་ཡིན་པ་མ་ཟད། ཤེས་ནུས་སྤྱོད་གསུམ་གྱི་དུག་འདོན་པའི་ནང་སེམས་ཀྱི་སྨན་པ་ཆེན་པོ་ཞིག་ཀྱང་རེད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་སུ་ཡིན་ཡང་དགེ་རྒན་རེ་རེ་ནི་སློབ་མའི་ཤེས་ནུས་ཤེས་རབ་སྤུས་ཚད་སྐྱེད་སྲིང་སྔོག་འདོན་པ་ཡིན་ལ། ཀུན་སྤྱོད་རྩལ་ནུས་སྤུས་ཚད་སྐྱེད་སྲིང་སྔོག་འདོན་པ་འཁྲུལ་མེད་ཅིག་ཀྱང་རེད། དེ་བས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་སྤུས་ཚད་སྐྱེད་སྲིང་གི་ཟུར་ཚད་མཐོ་དམའ་མི་འདྲ་ཡང་། ལས་གནས་ཀྱི་འགན་འཁུར་འདི་དགེ་རྒན་རེ་རེར་འདྲ་མཉམ་གྱིས་ཡོད་ལ་ཚང་མས་འཁུར་དགོས་པ་དང་ཁུར་ན་ཐེག་ཐུབ་པ་ལག་ལེན་གྱིས་བདེན་དཔང་བྱས་ཡོད་པ་ཡིན།
        མདོར་ན་ཁ་སང་གི་སློབ་གསོའི་གཏམ་རྒྱུད་རེ་རེ་ནི་དེ་རིང་གི་དགེ་གཤིས་ཀྱི་མེ་ལོང་གསལ་པོ་རེ་རེ་ནས་སློབ་གསོའི་ཉམས་མྱོང་དང་བསླབ་བྱ་གལ་ཆེན་རེ་རེ་རེད་ལ། ཉིང་བཅུད་གཅིག་ཏུ་བསྡུས་ན་འབྱུང་འགྱུར་གྱི་སློབ་ཁྲིད་སློབ་གསོའི་བསམ་བློ་དང་ཐབས་ལམ་གྱི་འབྱུང་ཁུངས་འཛད་མཐའ་མེད་པ་ཞིག་ཀྱང་ཡིན་པས། དེང་རབས་ཀྱི་དགེ་རྒན་ཞིག་དང་ཁྱད་པར་དུ་སྐད་ཡིག་དགེ་རྒན་ཞིག་ཡིན་ཚེ། དཔེ་ཁྲིད་པ(教书家)རྐྱང་རྐྱང་ཙམ་ཞིག་གིས་གཏན་ནས་མི་ཆོག་པར་དེ་བས་ཀྱང་གནའ་དེང་སློབ་གསོ་སློབ་ཁྲིད་རིག་པ་དང་། འཇོན་ནུས་སྔོག་འདོན་རིག་པ། སེམས་ཁམས་རིག་པ། བརྡ་སྤྲོད་གཏན་ཚིགས་རིག་པ། བསམ་གཞིག་འབྲེལ་འདྲིས་རིག་པ། རིག་གནས་སྒྱུ་རྩལ་རིག་པ་བཅས་ཀྱི་དཔེ་ཀློག་པ་ཞིག་དང་བསམ་གཞིག་གསར་བཏོད་པ་རྣལ་མ་ཞིག་ཡིན་དགོས་པ་མ་ཟད།“གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད”ཀྱི་བློ་ཁོག་ཡངས་པའི་བསམ་བློ་པ་དང་སློབ་གསོ་པ་འཁྲུལ་མེད་ཅིག་ཀྱང་ཡིན་དགོས་པ་རེད་སྙམ་མོ། །

        * གཅན་རོང་བསྟན་འཛིན། རྨ་ལྷོ་ཁུལ་སྲིད་གྲོས་སློབ་གསོ་ཚན་རྩལ་རིག་གནས་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1