༄༅།།བརྡ་ཁྱབ་ཀྱི་བྱང་བུ་ལྷུང་ནས་འགྲོ་མིར་རྨས་སྐྱོན་བཟོས་ཚེ་སུ་ཡིས་འགན་འཁུར་དགོས།

རྟ་མགྲིན་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27



རྟ་མགྲིན་རྡོ་རྗེས་བསྒྱུར།
        གྱོད་གཞི། 2004ལོའི་ཟླ་7པའི་ཚེས་3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ། ཞུ་སྦྱོར་སྔ་མ་ཝང་ལགས། ཕིན་ཨན་རྫོང་སྤྱི་བདེ་ཅུས་ཀྱི་ནུབ་གཞོགས་ཀྱི་མི་འགྲོ་སའི་ལམ་དུ་འགྲོ་སྐབས། ཞུ་སྦྱོར་ཕྱི་མ་མཚོ་ཤར་སྤྱི་གཉེར་ཁང་ག་གེ་མོས་འགྲོ་ལམ་གྱི་གྱང་ངོས་སུ་བཀལ་ཡོད་པའི་བརྡ་ཁྱབ་བྱང་བུ་དེ་གློ་བུར་དུ་ལྷུང་ནས་ཝང་ལགས་ལ་རྨས་སྐྱོན་བཟོས་པ་དང་། ཞུ་སྦྱོར་སྔ་མ་ཝང་དེ་མ་ཐག་ཕིན་ཨན་རྫོང་གི་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་བྱེད་སར་བསྐྱལ།
གྱོད་དོན་དབྱེ་ཞིབ།
        འདི་ནི་དམིགས་བསལ་གྱི་དབང་ཆར་བཙན་གནོད་བྱས་པའི་མི་ལུས་ལ་གནོད་སྐྱོན་བཟོས་པར་སྐྱིན་ཚབ་འཇལ་བའི་གྱོད་དོན་ཞིག་རེད། ཞིབ་གཅོད་ཐེངས་དང་པོས《དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་》 གྱི་དོན་ཚན་126པ་གཞིར་བཟུང་ནས་གྱོད་དོན་འདིའི་ངོ་བོ་གཏན་ཁེལ་བྱས་པ་ཡང་དག་རེད། 《 དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་》གྱི་དོན་ཚན་126པའི་ནང་གཏན་འབེབས་བྱས་དོན། “བཟོ་བཀོད་དངོས་པོ་ཡང་ན་སྒྲིག་བཀོད་གཞན་དག་དང་དེ་བཞིན་བཟོ་བཀོད་ཐོག་གི་དངོས་པོ་དང་བཀལ་ཡོད་པའི་དངོས་པོ་རྣམས་རྡིབ་པ་དང་ལྷུང་བ། ལྷུང་ནས་མི་གཞན་ལ་གནོད་སྐྱོན་བཟོས་པའི་རིགས་བྱུང་ན། དེའི་བདག་པོའམ་དོ་དམ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁུར་དགོས། འོན་ཀྱང་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་བྱ་ཐུབ་ན་རིགས་འདིའི་ཁོངས་སུ་མི་གཏོགས།” དོན་ཚན་འདི་ནི་ནོར་འཛོལ་རིགས་འདེད་ཀྱི་རྩ་དོན་སྤྱད་ནས་དབང་ཆར་བཙན་གནོད་བྱེད་པའི་སྐྱིན་ཚབ་འགན་འཁྲི་གཏན་འཁེལ་བྱས་པ་ཡིན་ལ། གསལ་པོར་བཤད་ན་བཀལ་དངོས་ཀྱི་བདག་པོའམ་ཡང་ན་དོ་དམ་པས་རང་ཉིད་ལ་ནོར་འཛོལ་མེད་པ་ར་སྤྲོད་བྱ་ཐུབ་ན། སྐྱིན་ཚབ་འགན་འཁྲི་མེད་པར་བཟོ་ཆོག །
        གྱོད་དོན་འདིའི་ཞུ་སྦྱོར་ཕྱི་མ་བས་སྐབས་དེའི་ཉེས་དོན་བྱུང་ཡུལ་དུ་རླུང་ཤུགས་ཆེ་རུང་རླུང་ཤུགས་དེ་འགོག་ཐབས་བྲལ་བའི་རྐྱེན་ངན་གྱི་ཚད་ལ་སླེབས་མེད་པ་དང་། དུས་མཚུངས་སུ་ས་ཁུལ་གཅིག་ལ་ཡང་མར་ལྷུངས་པའི་དོན་རྐྱེན་བྱུང་མེད་པས། དེ་ནི་གནོད་འཚེ་གཏོང་མཁན་ལ་སྣང་མེད་དང་སྒྱིད་ལུག་བྱས་པ་ལས་བྱུང་བ་ཡིན་པས་ཁག་འགན་མེད་པར་བཟོ་བའི་ཆ་རྐྱེན་དུ་གྲུབ་མི་ཐུབ། འོན་ཀྱང་འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ལས་འཛོལ་ཐོན་སྐབས་ས་གནས་དེ་གའི་རླུང་གི་མྱུར་ཚད་ཆེ་བ་དང་རླུང་ཤུགས་ཆེ་བས་ཞུ་སྦྱོར་ཕྱི་མ་བའི་འགན་འཁྲི་ཡང་དུ་གཏོང་བའི་རྒྱུ་མཚན་དུ་བྱས་པས་དེ་ནི་འོས་འཚམ་ཞིག་མིན་པ་མངོན་བཞིན་ཡོད། གལ་ཏེ་གནོད་འཚེ་གཏོང་མཁན་རང་ཉིད་ལ་ནོར་འཁྲུལ་མེད་པའི་ར་སྤྲོད་བྱེད་ཐུབ་ན། སྐྱིན་ཚབ་སྤྲོད་པའི་འགན་འཁྲི་མེད་པར་གཏོང་དགོས་པ་ལས། སྐྱིན་ཚབ་འཇལ་བའི་འགན་འཁྲི་ཇེ་ཡང་དུ་བཏང་མི་ཆོག འདྲི་གཅོད་གཉིས་པའི་ཁྲིམས་ཁང་གིས་ཐོག་མར་འདྲི་གཅོད་དང་པོའི་ཁྲིམས་ཁང་གི་འགན་འཁྲི་འཁུར་བའི་རྩ་དོན་ཁས་མ་བླངས་ཤིང་། དེའི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་དོ་བདག་ལ་འདུམ་འགྲིག་གི་ལས་ཀ་བྱས་ནས་དོ་བདག་ཕྱོགས་གཉིས་པོས་འདུམ་འགྲིག་གི་གྲོས་མཐུན་གང་མགྱོགས་འཇོག་རྒྱུར་སྐུལ་འདེད་བཏང་བ་མ་ཟད། འདུམ་འགྲིག་ཡི་གེ་རྩིས་ལེན་བྱེད་པ་དང་ཆབས་ཅིག་སྐྱིན་ཚབ་འཇལ་དངུལ་ཚང་མ་ལག་བསྟར་བྱས་ཚར་བས་གྱོད་གཞི་ཐག་གཅོད་བྱེད་པའི་བྱ་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་གྲུབ་པ་རེད།
【 ཐག་གཅོད་མཇུག་འབྲས།】
        འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་རྗེས། གྱོད་དོན་འདི་ནི་དམིགས་བསལ་གྱི་ཁེ་དབང་ལ་བཙན་གནོད་ཐེབས་པའི་མི་ལུས་ལ་གནོད་སྐྱོན་ཐེབས་པར་སྐྱིན་ཚབ་སྤྲོད་པའི་རྩོད་གླེང་དུ་གཏོགས་པར་ངོས་འཛིན་བྱས། 《 དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་》གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། གྱོད་དོན་འདིའི་ཞུ་སྦྱོར་སྔ་མ་ཝང་ཆེ་གེ་མོར་ཞུ་སྦྱོར་ཕྱི་མ་སྤྱི་གཉེར་ཁང་ག་གེ་མོའི་བརྡ་ཁྱབ་བྱང་བུ་ལྷུང་ནས་རྨས་སྐྱོན་བཟོས་པ་དང་། དེའི་སྐོར་གྱི་ཞུ་སྦྱོར་ཕྱི་མ་ནི་བརྡ་ཁྱབ་བྱང་བའི་བདག་པོ་དང་དོ་དམ་བྱེད་མཁན་ཡིན་པས་དམངས་དོན་གྱི་སྐྱིན་ཚབ་སྤྲོད་པར་འགན་འཁུར་དགོས། འོན་ཀྱང་ཞུ་སྦྱོར་ཕྱི་མ་བའི་བརྡ་ཁྱབ་བྱང་བུ་ལྷུང་དོན་ནི་རླུང་ཆེན་གྱི་གནམ་གཤིས་བྱུང་བའི་རྐྱེན་གྱིས་ཡིན་པ་མ་ཟད། ཉེས་དོན་བྱུང་དུས་ཕིན་ཨན་ས་ཁུལ་གྱི་རླུང་གི་མགྱོགས་ཚད་མྱུར་པ་དང་། རླུང་ཤུགས་ཆེ་བ། གཏོར་བརླག་རང་བཞིན་ཆེ་བ་བཅས་ཀྱི་རྐྱེན་གྱིས་རེད། དེ་བས་དོན་རྐྱེན་འདིའི་ཁྲོད་དུ་ཞུ་སྦྱོར་ཕྱི་མ་བའི་འགན་འཁྲི་ཡང་དུ་གཏོང་འོས། ཁྲིམས་བཅད་བྱེད་དོན། ཞུ་སྦྱོར་སྔ་མ་ཝང་ཆེ་གེ་མོའི་སྨན་ཡོན་དང་། སྨན་ཁང་དུ་སྡོད་པའི་རིང་གི་འཚོ་བའི་ཁ་གསབ་རོགས་དངུལ། ལས་ཐེབས་ཆག་པའི་འགྲོ་གྲོན་སོགས་བསྡོམས་པས་སྒོར་13087.92ལས་ཞུ་སྦྱོར་ཕྱི་མ་བས་སྒོར་9161.54གསབ་རྒྱུ་འགན་འཁུར་རྒྱུ་དང་། འགྲོ་གྲོན་ལྷག་མ་ཞུ་སྦྱོར་སྔ་མ་ཝང་ཆེ་ག་གེ་མོ་རང་ཉིད་ཀྱིས་འགན་འཁུར་རྒྱུ་དེའོ། །
        འདྲི་གཅོད་དང་པོ་ཞིབ་གཅོད་བྱས་རྗེས། ཞུ་སྦྱོར་སྔ་མ་ཝང་ལགས་ཀྱི་བློར་མ་བབས་པར་གོང་གཏུག་བྱས་པས། འདྲི་གཅོད་གཉིས་པའི་ཁྲིམས་ཁང་གིས་ཞིབ་གཅོད་བྱས་ཏེ་བར་འདུམ་གཙོ་སྐྱོང་བྱས་མཐར་ཕྱོགས་གཉིས་པོས་བར་འདུམ་གྱི་གྲོས་མཐུན་བཞག་པ་སྟེ། གོང་གཏུག་བྱ་ཡུལ་མཚོ་ཤར་གྱི་སྤྱི་གཉེར་ཁང་ག་གེ་མོས་གོང་གཏུག་བྱེད་མཁན་ཝང་ལགས་ཀྱི་སྨན་བཅོས་འགྲོ་གྲོན་དང་། སྨན་ཁང་དུ་སྡོད་པའི་འཚོ་བའི་གསབ་དངུལ། ལས་ཐེབས་ཆག་པའི་གྲོན་དངུལ། ནད་གཡོག་འགྲོ་གྲོན། རྨས་སྐྱོན་གྱི་ཚད་གཞིའི་དངུལ། འགྲིམ་འགྲུལ་འགྲོ་གྲོན། བསྐྱར་དཔར་གྱི་གྲོན་དངུལ། སླད་ཕྱིན་གྱི་སྨན་བཅོས་འགྲོ་གྲོན་སོགས་བསྡོམས་པས་སྒོར་10000སྐྱིན་ཚབ་འཇལ་རྒྱུ་ཐག་གཅོད་བྱས།
【 འབྲེལ་ཡོད་ཁྲིམས་སྲོལ།】
        《 དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་》གྱི་དོན་ཚན་126པའི་ནང་གཏན་འབེབས་བྱས་དོན།“བཟོ་བཀོད་དམ་སྒྲིག་ཆས་གཞན་དག་དང་དེ་བཞིན་བཟོ་བཀོད་ཐོག་གི་སྒྲིག་དངོས་དང་འགེལ་དངོས་རྣམས་རྡིབ་པ་དང་ལྷུང་ནས་མི་གཞན་ལ་གནོད་སྐྱོན་བཟོས་པའི་རིགས་བྱུང་ན། དེའི་བདག་པོའམ་དོ་དམ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁུར་དགོས། འོན་ཀྱང་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་ཐུབ་པའི་རིགས་འདིའི་ཁོངས་སུ་མི་གཏོགས།” དོན་ཚན་འདི་ནི་ནོར་འཛོལ་རིགས་འདེད་ཀྱི་རྩ་དོན་སྤྱད་ནས་དབང་གནོད་ཀྱི་གུན་ཚབ་འགན་འཁྲི་གཏན་ཁེལ་བྱས་པ་རེད། གསལ་པོར་བཤད་ན་དངོས་པོའི་བདག་པོའམ་ཡང་ན་དོ་དམ་པས་རང་ཉིད་ལ་ནོར་འཛོལ་མེད་པ་ར་སྤྲོད་བྱ་ཐུབ་ཚེ་གུན་ཚབ་འགན་འཁྲི་མེད་པར་བཟོ་དགོས། གྱོད་དོན་འདིའི་ཞུ་སྦྱོར་ཕྱི་མ་བས་སྐབས་དེའི་ཉེས་དོན་བྱུང་ཡུལ་དུ་རླུང་ཤུགས་ཆེ་རུང་རླུང་ཤུགས་དེ་འགོག་ཐབས་བྲལ་བའི་ཚད་ལ་སླེབས་མེད་པ་དང་། དུས་མཚུངས་སུ་ས་ཁུལ་གཅིག་ལ་ཡང་མར་ལྷུངས་པའི་དོན་རྐྱེན་བྱུང་མེད་པས། དེ་ནི་གནོད་འཚེ་གཏོང་མཁན་ལ་སྣང་མེད་དང་སྒྱིད་ལུག་བྱས་པ་ལས་བྱུང་བ་ཡིན་པས་ཁག་འགན་མེད་པར་བཟོ་བའི་ཆ་རྐྱེན་དུ་གྲུབ་མི་ཐུབ། མ་ཟད་འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ས་གནས་དེ་གའི་རླུང་གི་མྱུར་ཚད་ཆེ་བ་དང་རླུང་ཤུགས་ཆེ་བར་ཁག་འགེལ་ནས་ཞུ་སྦྱོར་ཕྱི་མ་བའི་འགན་འཁྲི་ཡང་དུ་གཏོང་བ་དེ་ནི་འོས་འཚམ་ཞིག་མིན་པ་མངོན་བཞིན་ཡོད། གལ་ཏེ་གནོད་འཚེ་གཏོང་མཁན་གྱིས་རང་ཉིད་ལ་ནོར་འཁྲུལ་མེད་པ་ར་སྤྲོད་བྱེད་ཐུབ་ན། སྐྱིན་ཚབ་སྤྲོད་པའི་འགན་འཁྲི་མེད་པར་གཏོང་དགོས་པ་ལས། སྐྱིན་ཚབ་འཇལ་བའི་འགན་འཁྲི་ཇེ་ཡང་དུ་བཏང་མི་ཆོག །(ཡོངས་ཁུངས། ཁྲིམས་ཀྱི་དྲ་རྒྱ་བཙལ་བ།) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1