རིག་ཁོ་ཁྱོ་ཤུག་དང་ཁྲུང་ཁྲུང་སྐེ་ནག་དབར་གྱི་ལས་དབང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-17


 

       ཟླ་3ཚེས་14ཉིན། མུ་མཐའ་བྲལ་བའི་ནམ་མཁའ་སྐྱེངས་པར་བྱས་པའི་མཛོད་དགེའི་སྤང་གཞུང་དུ་ཁྲུང་ཁྲུང་སྐེ་ནག་ཕོ་མོ་ཆ་གཅིག་བག་ཡངས་སུ་རྒྱུ།

       མཛོད་དགེའི་སྤང་གཞུང་ཆེན་མོ་ནི་མཐོ་སྒང་གི་འཕུར་རྩལ་སྐྱེན་པའི་གཅེས་ནོར་དུ་འབོད་པའི་ཁྲུང་ཁྲུང་སྐེ་ནག་གི་ཚང་བཅའ་ས་དང་རྩེད་མོའི་གར་ལ་རྩེན་པའི་གནས་མལ་ཡིན།


 

       ཟླ་3ཚེས་28ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་ཡས་མས་སུ། གསར་འགོད་པས་བརྟག་ཞིབ་ས་ཚིགས་ཀྱི་ཕྱི་རོལ་གྱི་དེའུ་སྒང་ནས་རྒྱང་རིང་གི་ཁྲུང་ཁྲུང་སྐེ་ནག་བག་ཡངས་སུ་རྒྱུ་བ་མིག་གིས་གསལ་བོར་མཐོང་ཐུབ། རིག་ཁོ་ཁྱོ་ཤུག་གི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་རྒྱས་ཤིང་ལག་ཏུ་སྲིད་དུ་རིང་བའི་ཁ་བཏགས་དཀར་བོ་ཞིག་བཟུང་སྟེ། ཁྱོད་ཚོས་དཀའ་ལས་མྱངས་སོང་ཟེར། དེ་ནས་ང་ཚོས་ཨ་ཁུ་ཁྱུང་ལྷ་ཞེས་འབོད་ཞོར་གོམ་འགྲོས་དལ་མོས་ཁྲུང་ཁྲུང་སྐེ་ནག་གི་ཕྱོགས་སུ་ཉེ་བར་བཅར་བ་ན། བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲུང་ཁྲུང་སྐེ་ནག་འབྲོ་བར་ལྟ་ཅི། མགྲིན་པ་དཀྱོགས་ནས་ང་ཚོའི་ཕྱོགས་སུ་མིག་ཟུང་རིག་རིག་གིས་བལྟས། དེ་ནས་མགོ་བོ་ཐུར་དུ་སྒུར་ནས་ཁ་ཟས་འཚོལ་བའི་སྟངས་ཀ་བྱས། རིག་ཁོ་ན་རེ། ང་ཚོ་དང་ཁྲུང་ཁྲུང་སྐེ་ནག་འགྲོགས་འདྲིས་བྱས་ནས་མི་ལོ་ལྔ་ལྷག་འདས་ཤིང་། ལོ་རེའི་དཔྱིད་ཟླ་གསུམ་པར། རི་ཆུ་སྟོང་གིས་ཆོད་པའི་ཡུན་ནན་ས་ཆ་ནས་བརྟག་ཞིབ་ས་ཚིགས་ཀྱི་སྒོ་འགྲམ་འདི་བརྒྱུད་ནས་འཕུང་འོངས་ཤིང་། ངེད་ཅག་ནང་མི་ལྟ་བུ་ཡིན། ཞེས་བཤད།  

       སྤྱི་ལོ་2018ལོའི་ཟླ་3ཚེས་14ཉིན་གྱི་སྐྱ་རེངས་བུ་མོའི་རང་ཞལ་འཛུམ་གྱིས་གྲོལ་དུས། ཁྲུང་ཁྲུང་སྐེ་ནག་གི་སྙན་མོའི་ངག་གིས་རིག་ཁོ་ཁྱོ་ཤུག་གཉིད་ལས་གྲོལ་བ་དང་། དེ་ནས་སྒེའུ་ཁུང་ལས་མུ་མཐའ་བྲལ་བའི་སྤང་གཞུང་དུ་བལྟས་པ་ན། ཁྲུང་ཁྲུང་སྐེ་ནག་གཉིས་ཀ་རྩེད་འཇོ་ལ་རོལ་བ་དང་། མཚམས་རེར་མགོ་བོ་ཐུད་དུ་སྒུར་ནས་གཟན་འཚོ་བའི་སྟངས་ཀ་བྱས་ལ། མཚམས་རེར་མགོ་བོ་གནམ་དུ་ཀེར་ནས་གསུང་སྙན་སྒྲོག

       རིག་ཁོ་ན་རེ། ན་གཞུང་དུ་རྟག་པར་ཁྲུང་ཁྲུང་སྐེ་ནག་མཐོང་བ་དང་། གལ་ཏེ་དེ་དག་དང་ཉེ་བར་བཅར་མ་ཐག་མིག་འཛུམ་གཅིག་གི་ཡུན་ལ་འཕུར་འགྲོ། ཞེས་གསར་འགོད་པར་དེ་སྐད་བཤད། ཉིན་དེའི་ཞོགས་པར། རིག་ཁོས་སྒེའུ་ཁུང་ནང་ནས་ཁ་རོག་གེར་མིག་མདུན་གྱི་ཁྲུང་ཁྲུང་སྐེ་ནག་ལ་བལྟས།  

 

       ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་བྱེ་འགྱུར་བཅོས་སྐྱོང་དང་ན་འདམ་བསྐྱར་གསོ། སྐྱེ་ཁམས་སྣ་མང་རང་བཞིན་སོགས་ཀྱི་ལས་དོན་མ་ལུས་ཤ་ཐང་ཐང་གིས་བསྒྲུབས་པས། སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་སྨིན། མིག་སྔའི་བར་དུ། མཛོད་དགེའི་ན་འདམ་སྟེ་མཚོ་ཁྱ་ཁྲེབ་ཏུ་ཁྲུང་ཁྲུང་སྐེ་ནག་900ལྷག་ཡོད་ཅིང་། རྫོང་ནང་ཁུལ་དུ་བྱ་ཁྱུའི་གྲངས་ཀ་ཉིས་སྟོང་ཉེ་བར་ཟིན་ཏོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1