༄༅།།ཁྱད་པར་དུ་སྔོ་སྨན་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས་པའི་སྐོར་རགས་ཙམ་བརྗོད་པ།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18



ནོར་བུ་ཚེ་རིང་། སྡེ་དགེ་རྫོང་སྨན་རྩིས་ཁང་། 

        རྒྱུད་ལས། ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟར། རྩྭ་ལྗོང་སྔོ་ཡི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་སྨན་མ་ཡིན་པ་ནི་གཅིག་ཀྱང་མེད་པའམ་སྔོ་མི་སྐྱེ་བའི་ཡུལ་ཡང་གཅིག་ཀྱང་མེད་མོད། འོན་ཀྱང་སྐྱེ་གནས་དང་འབྱུང་ལྔའི་ཆ་ཤས་ཆེ་ཆུང་དབང་གིས་དེ་དག་ལ་ནུས་པ་ཁྱད་པར་ཅན་འབྱུང་བས་སྔོ་སྨན་འཐུ་སྒྲུབ་དང་སྦྱོར་བ་གང་ལའང་ངེས་པར་དུ་གཅེས་པའི་ཡན་ལག་བདུན་དང་ལྡན་དགོས་ཏེ། དེ་ཡང་སྐྱེ་སར་སྐྱེས་དང་། དུས་སུ་བཏུ་བ། སྐམ་གསེད་ལེགས་པ། སོ་མ་རྙིང་པ། དུག་འདོན་པ། འཇམ་བཙལ་བ། འཕྲོད་པར་སྦྱར་བ་དང་བདུན་ནོ། །

        1.སྐྱེ་སར་སྐྱེ་བ་ནི། དྲོད་སྨན་དྲོ་ས་དང་བསིལ་སྨན་བསིལ་སར་སྐྱེས་པ་ལ་བྱ་སྟེ། དེ་ཡང་སྔོ་སྨན་སྐྱེ་བའི་ས་ཕྱོགས་ནི་དུར་ཁྲོད་དང་། གྲོང་པའི་ཉེ་འགྲམ་མམ་ཡུལ་ཁམས་སྦགས་བཙོག་གི་གནས་སུ་མ་ཡིན་པར་ས་གཙང་ཞིང་དག་པ་ས་གཞི་བཟང་པོ་ཉམས་དགའ་བའི་གནས་སུ་སྐྱེས་པ། བསིལ་དྲོད་ཀྱི་ཁྱད་པར་སྐྱེ་ཡུལ་ཀྱང་རི་བོ་གངས་ཅན་དང་འབིགས་བྱེད་གཉིས་ཀྱི་རང་བཞིན་གྱི་རིའི་ཁྱད་པར་ནི་ས་གཞི་འདི་ཕལ་ཆེར་ཁྱབ་པ་ཡིན་ལ། དེ་ལས་དང་པོ་རི་ཁ་བ་ཅན་ལས་སྐྱེས་པའི་སྨན་རྣམས་ནི་གངས་ཅན་གྱི་མཚན་ཉིད་དང་ལྡན་པའི་སྲིབ་ཕྱོགས་ལ་བསིལ་སྨན་སྐྱེས་ན་སྐྱེ་ས་སྐྱེས་པ་ཡིན་པས་བསིལ་བའི་སྟོབས་ཕུལ་དུ་བྱུང་བ་ཡིན། འོན་ཀྱང་དེ་ལ་དྲོད་སྨན་སྐྱེས་པ་ནི་བསིལ་དྲོད་གོ་ལྡོག་ཏུ་སྐྱེས་པ་ཡིན་པས་དྲོད་ཀྱི་ནུས་པ་ཤིན་ཏུ་དམན་པས་དེ་ནས་བཏུ་མི་རུང་།གཉིས་པ་རི་དྲོད་ཤས་ཆེ་བ་ལས་སྐྱེས་པའི་སྨན་རྣམས་ནི་འབིགས་བྱེད་ཀྱི་མཚན་ཉིད་དང་ལྡན་པའི་གདགས་ཕྱོགས་སུ་དྲོད་སྨན་སྐྱེས་ན་སྐྱེ་ས་སྐྱེས་པ་ཡིན་པས་དྲོད་སྟོབས་ཕུལ་དུ་བྱུང་བ་ཡིན། དེ་རུ་བསིལ་སྨན་སྐྱེས་པ་ནི་བསིལ་དྲོད་གོ་ལྡོག་ཏུ་སྐྱེས་པ་ཡིན་པས་བསིལ་གྱི་ནུས་པ་ཤིན་ཏུ་དམན་པས་གནས་དེ་ནས་བསིལ་སྨན་བཏུ་མི་རུང་ངོ་། །

        2.དུས་སུ་བཏུ་བ་ནི། དུས་སུ་བཏུས་ན་སྨན་ཡིན་ལ་དུས་ལས་འདས་ན་རྩྭ་ཡིན་ཟེར་བ་ལྟར་ནམ་ཟླའི་དབང་གིས་སྨན་ནུས་མཐུ་བྲི་བྱེད་པས་ན་དུས་མཚམས་ངེས་དགོས་ཏེ། དེ་ཡང་རྩ་བ་དང་། ཡལ་ག སྡོང་པོ་གསུམ་ནི་སྡོང་པོའི་ཁོངས་སུ་གཏོགས་པའི་སྔོ་སྨན་ཡིན་པས། དེའི་རིགས་ཐམས་ཅད་ནི་སྟོན་ཀ་ལོ་མ་དང་རྩི་སྐམ་ནས་སྨན་གྱི་ནུས་པ་གཏིང་དུ་འགྲོ་བའི་དུས་ཏེ་ཐ་ཆུང་དགུ་པ་(སྤྱི་ཟླ9-10)ལ་བཏུ་དགོས། ལོ་མ་དང་། ཞོ། མྱུ་གུ་གསུམ་ནི་ལོ་མའི་ཁོངས་སུ་གཏོགས་པའི་སྔོ་སྨན་ཡིན་པས།དེའི་རིགས་ཐམས་ཅད་ནི་དབྱར་ཆར་གྱི་དུས་ལོ་འདབ་རྒྱས་ཤིང་དར་ལ་བབས་པའི་དུས་ཏེ་དབྱར་འབྲིང་ལྔ་པ་(སྤྱི་ཟླ7-8)ལ་བཏུ་དགོས། མེ་ཏོག་དང་། འབྲས་བུ། རྩེ་མོའམ་ཟེའུ་འབྲུ་གསུམ་ནི་འབྲས་བུ་ཁོངས་སུ་གཏོགས་པའི་སྔོ་སྨན་ཡིན་པས། དེའི་རིགས་སུ་གྱུར་པ་ཐམས་ཅད་སྟོན་ཀ་སྐྱི་སེར་ལངས་ཤིང་འབྲས་བུ་སྨིན་པའི་དུས་ཏེ་འབྲིང་བརྒྱད་པ་ལ་བཏུ་དགོས། སྐོགས་པ་དང་། བར་ཤུན། ཚི་བ་གསུམ་ནི་པགས་པའི་ཁོངས་སུ་གཏོགས་པའི་སྔོ་སྨན་ཡིན་པས། དེའི་རིགས་ཐམས་ཅད་ནི་དཔྱིད་སྔོ་སྨན་ཁ་འབུས་པའི་དུས་ཏེ་དཔྱིད་ཐ་ཆུང་གསུམ་པ་ལ(སྤྱི་ཟླ་3-4)ལ་བཏུ་དགོས། ཐར་ནུ་སོགས་བཤལ་སྨན་གྱི་རིགས་ནི་རྩི་ཏོག་སྐམ་ནས་ས་ཆུའི་ནུས་པ་གཏིང་དུ་འགྲོ་བའི་དུས་ཏེ་སྟོན་མཇུག་ལ་བཏུ་དགོས། སྤྱང་ཚེ་སོགས་སྐྱུགས་སྨན་གྱི་རིགས་ནི་ཁ་འབུས་ནས་མེ་རླུང་གི་ནུས་པ་གྱེན་དུ་འདྲེན་པའི་དུས་ཏེ་དཔྱིད་འབྲིང་ངམ་ཐ་ཆུང་ལ་བཏུ་དགོས་ཏེ། དེ་ཡང་སྨན་དེ་དག་གང་ཡང་གཙོ་ཆེར་ཟླ་བ་ཡར་ངོའི་དུས་བཟང་བདུད་རྩི་སྦྱོར་བ་སོགས་གཟའ་སྐར་ཕུན་སུམ་ཚོགས་པ་ནས་འགོ་བཙུགས་ཏེ། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ་སྨན་གཞུང་ནས་གསུངས་པའི་སྨན་བླའི་གཟུངས་སྔགས་དང་། རྟེན་འབྲེལ་སྙིང་པོ་བཟླ་བཞིན་དུ་འཐུ་དགོས་པ་ཡིན།དེ་ལྟར་བྱས་ན། སྨན་གྱི་ནུས་པ་ཚུལ་བཞིན་དུ་འདོན་ནུས་སོ། །

        3.དུག་འདོན་པ་ནི། སྔོན་སྨན་གང་ཡང་རྩུབ་ཅིང་འཇུ་དཀའ་བས་བཏུས་རྗེས་སུ་དུག་ཕྲལ་བྱེད་དགོས་པ་ལ་བྱ་སྟེ། དེ་ཡང་སྤྱིར་སྔོ་སྨན་རིགས་སུ་གྱུར་པ་ཐམས་ཅད་བཏུས་རྗེས་སྔོ་དང་འདྲེས་པའི་ས་རྡུལ་སོགས་བཏུ་སའི་ལུང་པ་དེའི་ཆུ་གཙང་ནང་དུ་གཙང་མར་བཀྲུ་དགོས། དེ་ནི་དུག་ཕྲལ་དང་པོ་ཡིན། བྱེ་བྲག་རྩ་བའི་རིགས་ནི་ཕྱིའི་པགས་ཤུན་དུག་ཡིན་པ་དང་། སྡོང་པོའི་རིགས་ནི་སྡོང་པོའི་ནང་གི་རྐང་དེ་དུག་ཡིན། ཡལ་གའི་རིགས་ནི་དེའི་ཚིགས་པ་དུག་ཡིན། ལོ་མའི་རིགས་ནི་དེའི་ངར་བའམ་ཡུ་བ་དུག་ཡིན། མེ་ཏོག་གི་རིགས་ནི་དེའི་འདབ་གདན་ནམ་གོས་དེ་དུག་ཡིན། འབྲས་བུའི་རིགས་ནི་དེའི་ནང་གི་རུས་པ་དེ་དུག་ཡིན། པགས་པའི་རིགས་ནི་དེའི་ཕྱིའི་དྲེག་པ་དེ་དུག་ཡིན། བར་ཤུན་གྱི་རིགས་ནི་དེའི་ཤ་གདན་སྲབ་མོ་དེ་དུག་ཡིན། དེས་ན་གོང་གི་དུག་དེ་རྣམས་ཀྱིས་སྐྱོན་མི་འབྱུང་བའི་ཕྱིར་ལེགས་པར་ཕྲལ་ཅིང་གཙང་མར་བྱེད་དགོས་སོ། །

        4.སྐམ་གསེད་ལེགས་པ་ནི། སྔོ་སྨན་གང་ཡང་རང་རང་ལ་ངོ་བོའི་ནུས་པ་ཁྱད་པར་ཅན་རེ་ཡོད་པས་དེ་དག་མི་ཉམས་བར་སྲུང་ཉར་བྱེད་པ་ལ་བྱ་སྟེ། དེ་ཡང་སྔོ་རྣམས་བཏུས་མ་ཐག་ཏུ་གཙང་མར་བཀྲུས་ལ་ཁུ་བ་ཕྱིར་མི་འབོ་བར་ཆོལ་ཙམ་བརྡུངས་ནས་རྨ་ཕབ་ཅིང་ལེགས་པར་བསེད་དེ་བསིལ་སྨན་རྣམས་གྲིབ་མ་དང་ལྷགས་པས་སྐེམ་ལ། མེ་ཉིས་མ་གདུངས་པ་དང་། དུ་བ་མ་ཕོག་པ། སྨན་གཞན་གྱི་དྲི་མས་མ་གོས་པའི་གནས་སུ་སྐམ་གསེད་ལེགས་པར་བྱེད་དགོས་པ་དང་། དྲོད་སྨན་རྣམས་མེ་དང་ཉི་མས་སྐེམ་ལ། རླུང་དང་བསེར་གྱིས་མ་ཞིག་པ་དང་། དུ་བ་མ་ཕོག་པ། སྨན་གཞན་གྱི་དྲི་མས་མ་གོས་པའི་གནས་སུ་སྐམ་གསེད་ལེགས་པར་བྱེད་དགོས། དེ་ལྟར་བྱས་ན། སྔོ་སྨན་སོ་སོར་ཡོད་པའི་ངོ་བོའི་ནུས་པ་ཚུལ་བཞིན་ལྡན་ལ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བས་ལག་ལེན་དངོས་ལ་དེ་ལྟར་སྦྱར་བར་ཤིན་ཏུ་ནས་ཀྱང་གལ།

        5.སོ་མ་རྙིང་པ་ནི། སྔོ་སྨན་རྣམས་བཏུས་ནས་ལོ་གཅིག་མ་ལོན་པའི་རིང་ལ་གོ་དགོས། ལོ་དུས་འདས་ན་ནུས་པ་འཆོར་ཚར་བས་སྡེབ་སྦྱོར་དུ་མི་རུང་། དེས་ན་ལོ་རེ་བཞིན་དུ་རྙིང་དོར་གསར་སྒྲུབ་བྱེད་པར་གལ་ཆེའོ། །

        6.འཇམ་བཙལ་བ་ནི། སྤྱི་དོན་གསུམ་སྟེ། སྦྱོར་བའི་འཇམ་བཙལ་བ་དང་། ཁ་འཛིན་གྱི་འཇམ་བཙལ་བ། གཉེན་པོའི་འཇམ་བཙལ་བ་དང་གསུམ། དེ་ལས་དང་པོ་ནི་རོ་ནུས་ཞུ་རྗེས་མི་འགལ་བར་རིགས་མཐུན་པ་མང་པོ་སྣ་སྤྲད་པ་དང་། གཉིས་པ་ནི་དོན་ལྔ་སྣོད་དྲུག་གང་ལ་བབས་པའི་ཁ་འཛིན་ཏེ་སྙིང་ལ་ཛཱ་ཏི་དང་། གློ་ལ་ཅུ་གང་། མཆིན་པར་གུར་ཀུམ། མཆེར་པར་ཀ་ཀོ་ལ། མཁལ་མར་སུག་སྨེལ། སྲོག་རྩ་ལ་ལི་ཤི། ཕོ་བ་ལ་སེ་འབྲུ་སོགས་བཅས་ཁ་འཛིན་བསྡེབས་པ། གསུམ་པ་ནི་སྔོ་སྨན་ཡུན་རིང་པོར་བསྟེན་ན་ནུས་པ་རྩུབ་པས་རླུང་སློང་བ་དང་། ཕོ་བའི་མེ་དྲོད་གསོད་པ། ལུས་ཟུངས་སྐེམ་པར་བྱེད་པས་ན་དེ་དག་སོ་སོར་གནོན་པའི་གཉེན་པོ་བསྟེན་དགོས། གལ་ཏེ་དེ་ཀུན་མ་འཛོམས་ན་སྔོ་སྨན་རྣམས་ཁཎྜ་བྱས་ན་འཇམ་ཞིང་འཇུ་སླ་བས་མཆོག་ཏུ་ཤིས་པ་ཡིན་ཞེས་གཞུང་ལས་གསུངས་སོ། །

        7.འཕྲོད་པར་སྦྱར་བ་ནི། ཡན་ལག་བདུན་པ་འཕྲོད་པར་སྦྱར་བའི་ཐབས་ནི་རོ་ནུས་ཞུ་རྗེས་ཀྱི་གནད་གསུམ་ཤེས་པའི་སྒོ་ནས་རོ་བསྡེབས་དང་། ནུས་བསྡེབས། ཞུ་རྗེས་བསྡེབས་གསུམ་པོ་བཤད་རྒྱུད་སྦྱོར་བ་སྨན་གྱི་སྐབས་སུ་གསུངས་པ་ཇི་བཞིན་བསིལ་དྲོད་མ་འདྲེས་པར་རོ་ནུས་ཞུ་རྗེས་ཀྱི་ལས་བྱེད་པའི་སྨན་རྣམས་ཕྱོགས་མཐུན་པར་བསྡེབས་དགོས་སོ། དེ་ལྟར་གཅེས་པའི་ཡན་ལག་བདུན་པོ་ནི། བོད་ཀྱི་གསོ་བ་རིག་པའི་གཞུང་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བདུན་བསྟན་ཡོད་ལ། མ་ཚད་སྨན་གྱི་ནུས་པ་ཆ་ཚང་ཞིག་འཐོན་དགོས་ན་གཅེས་པའི་ཡན་ལག་བདུན་པོ་དང་སྦྱར་བ་དགོས།དེས་ན་རིག་གཞུང་ངམ་ཁ་བཤད་ཙམ་ཁོ་ན་མ་ཡིན་པར་ཐབས་བརྒྱ་ཇུས་སྟོང་སྒོ་ནས་ལག་ལེན་དངོས་ལ་དོ་སྣང་བྱེད་པར་ཤིན་ཏུ་ནས་ཀྱང་གལ་ཆེའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1