༄༅།།འཁོར་བའི་མཐའ་ཡོད་མེད་ལ་དཔྱད་པ།

འགུ་ཟི་པད་བློ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༡༨ཉིན།



   འཁོར་བའི་མཐའ་ཡོད་མེད་ལ་དཔྱད་པ། ཀུན་མཁྱེན་གོ་རམས་པས། སེམས་ཅན་ཐམས་ཅད་སངས་རྒྱ་བ་ཡིན་ན་འཁོར་བ་ལ་མཐའ་མེད་དེ།   སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་ཏེ།  སེམས་ཅན་ལ་གྲངས་མེད་པས་སོ་ཞེས་གསུངས་ཀྱང་མི་འཐད་དེ།  འོ་ན་དེ་སྔོན་སངས་རྒྱས་ཟིན་པའི་གང་ཟག་དེའི་འཁོར་བ་མཐའ་མ་རྫོགས་པ་དང་གང་ཟག་དེ་ཡང་སངས་རྒྱས་ཟིན་པའི་དུས་མི་སྲིད་པ་འགྱུར་ཏེ། གང་ཟག་དེ་ལ་ཡང་གྲངས་མེད་པས་སོ།།  སེམས་ཅན་ཐམས་ཅད་གང་ཟག་གཅིག་གི་ཕ་མ་ལན་གྲངས་མང་དུ་བྱས་ཟིན་པ་ཁས་བླངས་པ་དང་།  སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་མི་སྲིད་པ་འདོད་པ་གཉིས་ལ་ནང་འགལ་མེད་ཚུལ་ཇི་ལྟར་ཡིན་ལེགས་པར་སོམས་ལ་སྨྲོས་ཤིག  དེས་ན་རྩིས་པའི་གྲངས་མེད་ཡིན་ཙམ་གྱིས་རྫོགས་པའི་མཐའ་མེད་ཡིན་མི་དགོས་པ་གྲུབ་བོ།།  གྲངས་མེད་ཡིན་པའི་རྒྱུ་མཚན་དུ་བྱས་ནས་འཁོར་བ་མཐའ་མེད་འདོད་མཁན་དེ་ལ་བློ་སྐྱོན་ཐེབས་པ་དང་།  དེས་ནམ་མཁའ་མཐའ་མེད་ཀྱི་དཔེར་ལ་འཁྲུལ་གཞི་བྱས་ཡོད་པ་ཤེས་པར་བྱོས།  བཟང་པོ་སྤྱོད་པའི་མདོ་ལས།  སེམས་ཅན་མ་ལུས་པའི་མཐའ་ནམ་མཁའ་ལ་དཔེ་མཛད་པ་ནི་རྒྱ་ཆེ་བའི་དཔེར་མཛད་པ་ཙམ་ཡིན་ནོ།།  མཁས་པའི་དབང་པོ་རེ་མདའ་བས། འཁོར་བ་ལ་མཐའ་ཡོད་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་སྲིད་པ་འགྱུར་བ་དང་།  འཁོར་བྱང་སེམས་མེད་པའི་ལོངས་སྐུ་སྲིད་པ་འགྱུར་བའི་སྐྱོན་ཡོད་པས་འཁོར་བ་ལ་མཐའ་མེད་ཅེས་བཤད་པའང་མི་འཐད་དེ། ཇི་སྲིད་སེམས་ཅན་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་འཕྲིན་ལས་ཡོད་པས་འཕྲིན་ལས་ཆད་པའི་སྐྱོན་ག་ལ་ཡོད།  འཕྲིན་ལས་ཆད་མེད་གསུངས་པ་དེ་ཇི་སྲིད་སེམས་ཅན་ཡོད་པ་དེ་སྲིད་དུ་འཕྲིན་ལས་ཆད་མེད་ལ་དགོངས་ནས་གསུངས་ལ།  ལོངས་སྐུ་ཡིན་ན་བྱང་ཆུབ་སེམས་དཔའི་འཁོར་ཅན་ཡིན་དགོས་པ་གསུངས་པའི་དོན་ཡང་།  སྤྱི་ཐེག་ཆེན་གྱི་སྡེ་སྣོད་ལས་བྱུང་བའི་སྐུ་དང་འཕྲིན་ལས་ཀྱི་རྣམ་བཞག་དེ་འཁོར་བ་མ་སྟོང་གི་བར་དུ་གཞན་དོན་དགོས་པའི་དབང་དུ་བྱས་པས་འགལ་བ་མེད་པར་གྲུབ།  འཁོར་བ་སྟོངས་ཟིན་པ་དེའི་ཚེ་སྤྲུལ་སྐུ་ཡང་རྒྱུན་ཆད་འགྲོ་ཏེ། དེའི་ཚེ་ལོངས་སྐུ་དེ་ཉིད་ཀྱིས་གཞན་དོན་ལ་སྤྲུལ་བ་མཛད་མི་དགོས་པས་སོ།། སེམས་ཅན་ཡོད་བཞིན་དུ་སྤྱི་སངས་རྒྱས་ལ་འཕྲིན་ལས་མེད་པ་དང་བྱེ་བྲག་ལོགས་སྐུ་ལ་འཁོར་མེད་ན་སངས་རྒྱས་དང་ལོངས་སྐུ་གཉིས་ལ་གཞན་དོན་ཆད་པའི་ཉེས་པ་ཡོད་པ་ཡིན་གྱི།  སེམས་ཅན་མེད་པའམ་འཁོར་བ་སྟོངས་པའི་རྗེས་སུའང་སངས་རྒྱས་ལ་འཕྲིན་ལས་མེད་པ་དང་ལོངས་སྐུ་གདུལ་བྱ་མེད་པ་དེ་སྐྱོན་ཡིན་ན་སངས་རྒྱས་ཀྱི་འཕྲིན་ལས་དང་།  ལོངས་སྐུའི་གདུལ་བྱ་དེ་རང་ལ་དགོས་པའི་ཡོན་ཏན་ཙམ་ཡིན་པ་ལས་གཞན་དོན་མིན་པའི་སྐྱོན་དེ་ཁྱོད་རང་ལ་འཇུག་པ་བཟློག་ཏུ་མེད། གཞན་ཡང་ཁྱེད་ལྟར་ན་སེམས་ཅན་ལ་སངས་རྒྱས་ཟིན་པའི་དུས་སྲིད་པ་དང་མི་སྲིད་པ་གཉིས་ཡོད་པས་མི་སྲིད་པ་དེ་ལ་སངས་རྒྱས་ཀྱི་འཕྲིན་ལས་ཡང་འཇུག་མི་སྲིད་པས་སངས་རྒྱས་ཀྱི་འཕྲིན་ལས་ཆད་པ་དང་ལོངས་སྐུ་ལ་འཁོར་མེད་པའི་ཉེས་པ་དེ་སོ་ན་གནས་སོ།།  ཀུན་མཁྱེན་རང་སྟོན་ཆེན་པོས། སེམས་ཅན་ཐམས་ཅད་སངས་རྒྱ་ཡང་སངས་རྒྱས་ཟིན་པའི་དུས་མེད་དེ།  དཔེར་ན་མེ་ཏོག་ཐམས་ཅད་སྐྱེ་ཡང་སྐྱེས་ཟིན་པའི་དུས་མི་སྲིད་པ་བཞིན་ནོ་ཞེས་བཤད།  མེ་ཏོག་སྐྱེ་བ་དང་སེམས་ཅན་མྱ་ངན་ལས་འདའ་གཉིས་མི་མཚུངས་ཏེ།  མེ་ཏོག་ག་ཚོད་སྐྱེས་ཟིན་ན་ཡང་།  དེ་ལས་གྲངས་མ་མང་ན་མི་ཉུང་བ་ཞིག་གསར་དུ་སྐྱེ་ཡོང་བ་ཡིན་ལ། སེམས་ཅན་ག་ཚོད་སངས་རྒྱས་ཟིན་ན་དེའི་ཚོད་སེམས་ཅན་དེ་ཟད་འགྲོ་བ་ལས་རྗེས་མ་སེམས་ཅན་གསར་དུ་འབྱུང་བ་མི་སྲིད་པས་དེ་གཉིས་མཚུངས་པ་བསྒྲེ་བ་ནི་མཚན་ཉིད་པ་རིགས་བསྒྲེས་ཕུང་པ་ཡིན།  དངོས་པོ་ཡིན་ན་འཇིག་པས་ཁྱབ་ཀྱང་ཞིག་ཟིན་པའི་དུས་མེད་པ་དཔེར་བཀོད་པ་དེ་ཡང་འདི་དང་འདྲ།  གནའ་དུས་ཀྱི་རྒྱང་འཕེན་པ་དང་།  དེང་རབས་ཀྱི་དངོས་གཙོ་སྨྲ་བ་དང་། འཕེལ་འགྱུར་སྨྲ་བ་ལྟ་བུ་སེམས་ཅན་གསར་སྐྱེ་འདོད་ན་སྔར་གྱི་དཔེར་དེ་དོན་གྱི་གནད་ལ་འབྱོར་རོ།།ཀུན་མཁྱེན་ཀློང་ཆེན་པས།  འཁོར་བ་གཅིག་ཟད་པའི་རྗེས་ལ་ཡང་འཁོར་བ་གཞན་གསར་དུ་འབྱུང་བ་ལྟ་བུ་བཤད་འདུག་འཁོར་བ་གསར་དུ་བྱུང་བ་འདོད་པའི་གྲུབ་མཐའ་ནི་ཚུར་རོལ་མཛེས་པ་བའི་ལུགས་ཡིན་པས་ཆོས་ཀྱི་གྲགས་པས་བཀག་ཟིན་ལ།  ལོག་པའི་ལམ་ལ་མཐའ་མེད་གསུངས་པ་དེ་དོན་འདི་འདྲ་ཞིག་ལ་དགོངས་པ་ཡིན་ནོ།།    འཇུ་མི་ཕམ་པས། འཁོར་བའི་སྤྱི་ལ་མཐའ་མེད་ཀྱང་བྱེ་བྲག་ལ་མཐའ་ཡོད་ཅེས་ཟེར། བྱེ་བྲག་ལ་མ་ལྟོས་པའི་སྤྱི་དེ་ཡུལ་ཕྱོགས་གང་ལ་ཡོད།  སྤྱི་དང་མ་འབྲེལ་བའི་བྱེ་བྲག་དེ་ལུང་རིགས་གང་གིས་གྲུབ།  འཁོར་བ་སྤྱི་ལ་འཁྱམ་པའི་འགྲོ་བ་དེ་སུ་ཞིག་རེད་ཅི་འདྲ་འདུག་ཅེས་རེ་རེ་ནས་དྲིས་ན་མི་སྨྲའི་བརྟུལ་ཞུགས་འཛིན་པ་ལས་བཟང་བའི་ཐབས་གཞན་མེད་དོ།། གཡག་མི་ཕམ་ཆོས་ཀྱི་བླ་མས། འཁོར་བ་མཐའ་ཡོད་ན་ཆེས་མཐའ་འཇུག་གི་ལམ་ཞུགས་ཀྱི་གང་ཟག་དེ་ལ་སྙིང་རྗེ་བསྒོམ་ཡུལ་མེད་པས་སངས་རྒྱས་དགྱེས་པའི་ལམ་མེད་དོ་ཞེས་སྨྲ།  སྨྲ་བ་དེ་ནི་འཁོར་བ་ལ་མཐའ་ཡོད་ན་རྗེས་མའི་གང་ཟག་ལ་སངས་རྒྱས་པའི་ལམ་མེད་པའི་ཤེས་བྱེད་བཀོད་པ་ཡིན་གྱི་འཁོར་བ་ལ་མཐའ་མེད་པའི་རྒྱུ་མཚན་སྨྲས་པ་མིན་པའི་ཕྱིར།  དེ་དེའི་རྒྱུ་མཚན་འགྲོ་སྟེ་མཐའ་མའི་གང་ཟག་ལ་སངས་རྒྱས་པའི་ལམ་མེད་ན་གང་ཟག་དེའི་འཁོར་བའི་མཐའ་མེད་པས་སོ་སྙམ་ན། འཁོར་བ་ལས་གྲོལ་བའི་ཐབས་ལམ་ཡིན་ན་སངས་རྒྱས་དགྱེས་པའི་ལམ་ཡིན་མི་དགོས་པའི་ཕྱིར།  གོང་དུ་རེ་མདའ་བས་སྨྲ་པའི་རྒྱུ་མཚན་དེ་ཡང་བསྒྲུབ་བྱ་གཞན་གྱི་བསྒྲུབ་བྱེད་ཡིན་པ་ལས་འཁོར་བ་མཐའ་མེད་ཡིན་པའི་རྒྱུ་མཚན་མིན་པ་ཤེས་པར་བྱོས། སྔོན་གྱི་མཁས་ཆེན་དུ་གྲགས་པ་འདི་དག་སྙིང་རེ་རྗེ།  གནད་ཀྱི་དོན་འདི་ཡིན་ཏེ།  མདོ་ལས། འཁོར་བ་ལ་མཐའ་ཡོད་མེད་གཉིས་ཀ་གསུངས་ཡོད་ཀྱང་།  མེད་པར་གསུངས་པ་དེའི་དོན་བརྟག་པ་མཐའ་བཟུང་གི་ཚུལ་དུ་གསུངས་པ་མཛད་པ་ཡིན་ཏེ།  གལ་ཏེ་གཉེན་པོའི་ཆོས་དང་མ་འཕྲད་ན་འཁོར་བ་ལ་མཐའ་མེད་གསུངས་པ་ཡིན་པས་དུས་ནམ་ཞིག་གི་ཚེ་ན་གཉེན་པོ་དང་མི་འཕྲད་པ་མི་སྲིད་དེ། ཡེ་ཤེས་སྣང་བ་རྒྱན་གྱིས་མདོ་ལས། ཐ་ན་ལོག་པ་ཉིད་དུ་ངེས་པའི་རྒྱུད་དུ་གྱུར་པའི་སེམས་ཅན་རྣམས་ཀྱི་ལུས་ལའང་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ཕོག་པས་དེ་དག་ལ་ཕན་ཐོགས་པར་འགྱུར་ཞིང་།  མ་འོངས་པའི་རྒྱུ་ཡང་དག་པར་བསྐྱེད་པས་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་འཕེལ་བ་འགྱུར་རོ།།  ཞེས་དང་།  ཟླ་བ་སྒྲོན་མས་ཞུས་པའི་མདོ་ལས།  འགྲོ་བ་འདི་དག་མ་ལུས་སངས་རྒྱས་འགྱུར།། འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད།།  ཅེས་གསུངས་པ་དང་།  རིགས་གཏེར་ལས།  འཁོར་བ་ཐོག་མ་མེད་ན་ཡང་།།  བདག་མེད་མཐོང་ན་མཐའ་མ་གྲུབ།།  ཅེས་གསུངས་པ་དང་།  ཐུབ་པ་དགོངས་གསལ་ལས།  དབུ་མ་པས་རིགས་ཆད་མི་འདོད་མོད།  རྒྱལ་པོ་གསལ་རྒྱལ་གྱི་བྱ་པ་དང་།  རྒྱ་ནག་བྱིས་པའི་གཏམ་རྒྱུད་ལྟ་བུ་འཁོར་བ་མཐའ་མེད་དུ་འདོད་ན་དོན་གྱིས་ན་རིགས་ཆད་ཁས་བླངས་པ་རེད་ཅེས་རིགས་ཆད་མེད་པ་འདོད་པ་དང་།  འཁོར་བ་མཐའ་མེད་ཁས་བླངས་པ་གཉིས་ལ་ནང་འགལ་འདུག་པ་གསུངས་པས་གཉིས་ཀ་ཁས་ལེན་ཐབས་མེད་ལ། སེམས་ཅན་ཡིན་ན་ལམ་ཤེས་རྒྱུད་ལ་སྐྱེ་རུང་བས་ཁྱབ་པའི་ཕྱིར་ན་རིགས་ཆད་མེད་པས་འཁོར་བ་ལ་མཐའ་ཡོད་པ་འབད་མེད་དུ་གྲུབ་བོ།།  

འཁོར་བའི་གནས་ལ་མཐའ་མེད་འདོད་པ་དང་།།

ལུས་ཅན་ཀུན་ལ་རིགས་ཡོད་འདོད་པ་གཉིས།།

འགལ་བ་ལྟག་སྤྲོད་ཡིན་ཚུལ་མ་ཤེས་པའི།།

སྔོན་བྱོན་མཁས་མིང་འཛིན་ལ་བདག་མ་དད།།

ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་གཅད་དོ།།  །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1