ཁོང་ནི་ཕོ་ཧྲེང་ཞིག་ཡིན་མོད། འོན་ཀྱང་དེ་སྔོན་ཁོང་གི་འཆི་སྐྱོབ་ཀྱི་རྩལ་ལ་བརྟེན་ནས་སྨན་བཅོས་གནང་མྱོང་བའི་ནད་པ་རྣམས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཉེན་ཉེར་གྱུར་བ་དང་། རང་ཉིད་ལ་བདག་པའི་ཁང་པ་མེད་ཀྱང་སྨན་བཅོས་ས་ཚིགས་དེ་ཁོང་གི་དྲོད་ཁོལ་ལྡན་པའི་གཞིས་ཁྱིམ་དུ་གྱུར་ཡོད། ཁོང་ལ་བསགས་དངུལ་མེད་མོད། འོན་ཀྱང་ནད་པའི་ཆེད་དུ་སྒོར་ས་ཡ་གསུམ་ཙམ་ཟིན་པའི་སྨན་རྫས་སྤྱི་རྒྱ་ཁྲི་1.9ལྷག་ཙམ་གྲབས་གསོག་གནང་ཡོད། ཁོང་ནི་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྭ་སྐོར་གོང་མ་ཤང་མཛོ་པ་ཐང་གྲོང་ཚོའི་གྲོང་གསེབ་ཀྱི་སྨན་པ་སྒྲོལ་མ་ཚེ་རིང་ལགས་རེད།
སྒྲོལ་མ་ཚེ་རིང་ལགས་ཀྱིས་ནད་བརྟག་སྨན་བཅོས་གནང་བཞིན་པ།
ཁོང་ནི་སྤྱི་ལོ་1954ལོའི་ཟླ་1པོའི་ཚེས་12ཉིན་སྡེ་དགེ་རྫོང་རྭ་སྐོར་གོང་མ་ཤང་འབར་ཆུང་གྲོང་ཚོ་རུ་སྐྱེས། སྤྱི་ལོ་1975ལོ། རྭ་སྐོར་གོང་མ་ཤང་གིས་འབོད་སྐུལ་དང་ལེན་ཞུས་ནས་རྭ་སྐོར་མཉམ་ལས་སྨན་ཁང་བཙུགས་པ་དང་། སྡེ་དགེ་རྫོང་འཕྲོད་བསྟེན་ཅུད་དང་ཤང་གི་ལས་བྱེད་པས་བོད་ལུགས་གསོ་རིག་གི་ཉམས་མྱོང་དང་བབ་ཆགས་ལ་འཇོན་ཐང་ཆེ་བའི་སྒྲོལ་མ་ཚེ་རིང་འོས་སྦྱོར་གནང་བ་རེད། མཉམ་ལས་སྨན་ཁང་གི་གདན་ཞུས་སྨན་པ། ཀྲུང་ལུགས་སྨན་པའི་དགེ་རྒན་ཆེན་མོ་ཧྭང་ཕིང་དང་རྭ་སྐོར་མཁན་པོ་ཐུབ་བསྟན་ནོར་བུ་གཉིས་ནས་སྒྲོལ་མ་ཚེ་རིང་ཉིད་ལས་ལ་བརྩོན་ཞིང་སློབ་སྦྱོང་ལ་དགའ་བ་དང་། ལྷག་པར་དུ་གཞན་ཕན་གྱི་ལྷག་བསམ་ཆེ་བའི་མི་གཤིས་གཙང་མ་ཐུགས་ལ་དགོངས་ནས་གཟིགས་སྐྱོང་གི་ཚུལ་དུ་སྨན་ཕྲུག་དུ་བསྐྱངས་ཤིང་། ཁོང་གིས་ཀྱང་དེ་དག་གི་དྲུང་ནས་ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་ཀྱི་ཤེས་བྱ། བོད་ལུགས་གསོ་རིག་རྒྱུད་བཞི། གསོ་རིག་ཟིན་ཏིག་སོགས་ཀྱི་གཞུང་དང་ལག་ལེན་སྐོམ་པ་ཆུ་འདོད་ལྟར་དུ་སློབ་སྦྱོང་གནང་། སྨན་སློབ་མཇུག་འགྲིལ་རྗེས་སྒྲོལ་མ་ཚེ་རིང་ལགས་ཤང་དེ་གའི་སྨན་བཅོས་ས་ཚིགས་སུ་ལོག་ནས་“སྨན་པ་རྐང་རྗེན་མ”འབའ་ཞིག་ཏུ་གྱུར།
སྒྲོལ་མ་ཚེ་རིང་ལགས་ཕྱག་ལས་ལ་བྲེལ་བ།
སྤྱི་ལོ་1975ལོར་སྨན་བཅོས་ནད་སྐྱོབ་ཀྱི་ལམ་བུར་ཞུགས་ནས་ད་ལྟའི་བར། སྒྲོལ་མ་ཚེ་རིང་ལགས་ཀྱིས་སྔ་བར་ཕྱི་གསུམ་དུ་སྨན་རྩྭ་འཚོལ་བསྡུ་དང་ཡང་ན་རང་གྲོན་བཏང་ནས་སྨན་རྒྱུ་ཉོས་ཏེ་བོད་སྨན་གྲུབ་སྦྱོར་བྱས་པའི་ཁར། རིན་གོང་དམའ་བའི་ཉེ་འགྲམ་གྱི་ནད་པར་རོགས་རམ་དང་སྨན་བཅོས་གནང་བཞིན་ཡོད། མི་ལོ་40ལྷག་གི་རིང་། སྒྲོལ་མ་ཚེ་རིང་ལགས་ཀྱིས་སྨན་བཅོས་གནང་མྱོང་བའི་ནད་པ་953215ལྷག་ཟིན་ཡོད། སྤྱི་ལོ་2016ལོའི་ཟླ་3པར་སྒྲོལ་མ་ཚེ་རིང་ལགས་རྒྱལ་ཡོངས་ཀྱི་སྨན་པ་ཡག་ཤོས་སུ་བདམས་པ་དང་། སྤྱི་ལོ་2021ལོའི་ཟླ་12པར་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་བར་བདམས་ཐོན་བྱུང་ཡོད་པ་རེད།
སྒྲོལ་མ་ཚེ་རིང་ལགས་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་བར་བདམས་པ།
དགུང་ལོ་བགྲེས་སུ་འགྲོ་བ་དང་བསྟུན་ནས། སྒྲོལ་མ་ཚེ་རིང་ལགས་ཀྱིས་ཞེ་ལ་ནད་སྐྱོབ་སྨན་བཅོས་ཀྱི་བྱ་བ་ཐོགས་ཀྱང་ལུས་པོས་མི་ལྕོགས་པ་འགྱུར་པ་གསལ་པོ་ཚོར་གྱི་ཡོད། དེར་བརྟེན་ཁོང་གི་ཕུགས་འདུན་ཆེ་ཤོས་ནི་སྨན་བཅོས་ལག་རྩལ་དེ་རྒྱུན་ཆད་མེད་པར་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་དེ་ཡིན། མིག་སྔར་ཁོང་གིས་སློབ་མ་བཅུ་ལྷག་བསྡུས་ཡོད་པ་དང་། སློབ་མ་དེ་དག་ནི་སྡེ་དགེ་དང་དཔལ་ཡུལ། བྲག་འགོ། སེར་ཤུལ་སོགས་ནས་ཡིན་པ་དང་། དེའི་ཁྲོད་ཀྱི་སློབ་མ་གཉིས་ཀྱིས་རང་རྐྱ་འཕེར་བའི་ངང་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད།