བུ་ཕྲུག་ཚོར་འོད་སྟོང་འབར་བའི་འབྱུང་འགྱུར་གྱི་མདུན་ལམ་དུ་གོམ་ཁ་སྒྱུར་དུ་བཅུག།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-17



ལྕགས་ཟམ་རྫོང་གིས་གྲོང་ཡུལ་སློབ་གསོ་འཕེལ་རྒྱས་བཏང་བའི་དངོས་བྲིས། 

བུ་ཕྲུག་ཚོར་འོད་སྟོང་འབར་བའི་འབྱུང་འགྱུར་གྱི་མདུན་ལམ་དུ་གོམ་ཁ་སྒྱུར་དུ་བཅུག།

  

         གྲོང་ཡུལ་གྱི་བུ་ཕྲུག་ཚོར་ཆུང་དུས་ནས་སློབ་གསོ་ཐོབ་པར་བྱེད།

  

སྤྱི་ཟླ5པའི་ཚེས23ཉིན། ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་གི་དགེ་རྒན་གྱི་ལག་ཏུ་ཁྱིམ་བདག་གིས་བཏང་བའི་ཐུགས་རྗེ་ཆེ་ཞུ་ཡི་ཞིག་འབྱོར་ཡོད། འཕྲིན་ཡིག་ནང་ང་ཚོས2021ལོའི་སྤྱི་ཟླ9པར་ལི་རེན་ཧའོ་བྱིས་པ་ཁང་དུ་བསྐྱལ་བའི་གནས་ཚུལ་ད་དུང་གསལ་ལྷང་ངེ་ཡོད་ཅིང་། སྐབས་དེར་མོས་ཕ་མ་དང་བྲལ་འདོད་མེད་པས་ཡུན་རིང་ཞིག་ལ་ངུ་བྱུང་།ད་ཆ་མོ་སློབ་གྲྭར་བཏང་ནས་ཧ་ལམ་ལོ་གཉིས་ལ་སླེབ་རན་པས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོ་རྩེ་ཤེས་པར་མ་ཟད།དགེ་རྒན་གྱི་རོགས་རམ་འོག་གསང་སྤྱོད་ཁང་དུ་འགྲོ་མགོ་ཐོན་པ་དང་། རང་ཉིད་ཀྱིས་གྱོན་ཆས་གྱོན་ཕུད་སོགས་ཀྱང་བྱེད་ཤེས་བཞིན་འདུག། ངས་བསམ་ན་འདི་ནི་དགེ་རྒན་ཚོའི་ཞིབ་མོ་བློ་ཡིས་གཅེས་སྐྱོང་འོག་འཚར་ལོངས་བྱུང་བ་ལས་མ་འདས། ངས་འདི་ནས་དགེ་རྒན་གསུམ་པོས་ལི་རེན་ཧའོ་ལ་སེམས་ཁུར་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་ཆབས་ཅིག།ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་གིས་སེམས་ཤུགས་ཡོད་རྒུས་བྱིས་པ་ཁང་གཉེར་བ་དང་སློབ་གསོའི་བྱ་གཞག་གཉེར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བྲིས་ཡོད། 

དགེ་རྒན་མང་པོ་ཞིག་གི་བསམ་བློར་བྱིས་པའི་སློབ་གསོ་ནི་མངར་སྐྱུར་ཁ་ཚ་སོགས་བྲོ་བ་སྣ་མང་ལྡན་པ་ཞིག་ཡིན་ཞིང་། ཕྲུ་གུ་ཚོ་དང་མཉམ་པོར་ཡོད་དུས་སྐབས་འགར་སྤྲོ་སྣང་གིས་ཁེངས་ཤིང་། སྐབས་འགར་སྐྱོ་སྣང་ཡང་སྐྱེ་མྱོང་། ཡིན་ཡང་། བྱིས་པ་ཁང་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱིས་པའི་མི་ཚེའི་མདུན་ལམ་ཐོག་གི་གོམ་པ་དང་པོ་སྤོས་པར་རོགས་རམ་བྱེད་པའི་གལ་ཆེའི་རང་བཞིན་མྱོང་ཚོར་ཐུབ་ཡོད། 

དེ་སྔ་ཡུལ་ཤོག་དང་གྲོང་རྡལ་བྱིས་པ་ཁང་དུ་ལས་ཀ་བསྒྲུབས་མྱོང་བའི་དགེ་རྒན་ཀའོ་རྨིན་གྱིས་སྐབས་དེར་ངས་དགེ་རྒན་བྱེད་དུས་བྱིས་པ་ཁང་གི་དགེ་རྒན་ལ་ངོས་འཛིན་དེ་ཙམ་མེད། བྱིས་པ་ཁང་གི་དགེ་རྒན་ནི་ཚང་མས་བཤད་པ་ལྟར་བུ་རྫི་ལྟ་བུ་ཞིག་བསམ་ནས་བྱིས་པ་ཚོར་གནས་ཚུལ་ཆེན་པོ་མ་བུད་ན་འགྲིག་པར་སྙམ། དེར་བརྟེན། ངས་བྱིས་པའི་སེམས་ཁམས་ཁྱད་ཆོས་དང་བྱིས་པའི་བྱ་སྤྱོད་གོམས་གཤིས་ཐད་ལ་འདི་ཙམ་བསམ་བློ་གཏང་མ་མྱོང་ཞེས་བཤད། ཀའོ་རྨིན་གྱིས་གསར་འགོད་པར་ངས་ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་དུ་སླེབས་རྗེས་བྱིས་གསོ་པ་ཞིག་ནས་འཛིན་གྲྭའི་བཀོད་སྒྲིག་དགེ་རྒན་དང་། དེ་ནས་ད་ལྟའི་འཛིན་གྲྭའི་ཀྲུའུ་རེན་བྱས་ཡོད། ཆབས་ཅིག་ཏུ་ངའི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་འགྲོ་བྱུང་། འགྱུར་ལྡོག་དེ་བྱིས་པ་ཁང་གིས་བཏོད་པའི་གུ་ཡངས་དང་འདྲ་མཉམ་གྱི་སློབ་གྲྭའི་རྣམ་པ་དང་ཁ་འབྲལ་ཐབས་མེད་ཅིང་།དེ་ནི་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་ཞིག་ཡིན་པས་ངས་དེ་བས་མགྱོགས་པ་དང་དེ་བས་ལེགས་པའི་སྒོ་ནས་ལྕགས་ཟམ་གྲོང་རྡལ་ཨན་ལེ་པཱ་བྱིས་པ་ཁང་གི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་ཐུབ་བྱུང་ཞེས་བཤད། 

ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་ཨན་ལེ་པཱ་གླིང་ཁུལ་དེ2020ལོའི་སྤྱི་ཟླ9པར་དངོས་སུ་སྒོ་ཕྱེ་ཡོད་ཅིང་། སློབ་ཁྲིད་འཛིན་གྲྭ12འཆར་འགོད་བྱས་ནས་མདུན་ལྕོག་དང་།རྩེད་ཆས།ཉལ་ཁྲིའི་མཁོ་ཆས།བརྙན་འཕྲིན་འཕྲུལ་ཆས།གྲངས་འཛིན་རྣོ་སྦྲེང་།གཞི་གཅིག་ཅན་གྱི་འཕྲུལ་ཆས་བཅས་སྒྲིག་སྦྱོར་བྱས་ཤིང་། ད་ཆ་འཛིན་གྲྭ8དང་བྱིས་པ235དགེ་རྒན25ཚབ་ཁྲིད་དགེ་རྒན12ཡོད། 

ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་གི་མགོ་གཙོ་ལི་ཞ་ཡིས་གསར་འགོད་པར་ང་ཚོས་ལྕགས་ཟམ་རྫོང་དུ་གཅེས་སེམས་བཅངས་ནས་སློབ་གྲྭ་ནི་ཟམ་པ་ལྟ་བུར་བརྩི་བ་དང་མི་འཇོན་ཐང་ཅན་དུ་འགྱུར་བའི་སློབ་གྲྭའི་རིག་གནས་གཏོད་རྒྱུ་ཡིན་ཞེས་བཤད། ཟམ་པ་དེ་ནི་སེམས་ནང་གི་ཟམ་པ་དང་འཚོ་བའི་ཟམ་པ།ཁྱིམ་ཚང་གི་ཟམ་པ།འཚར་ལོངས་ཀྱི་ཟམ་པ།སྣ་མང་གི་ཟམ་པ། འབད་འབུངས་ཡར་བརྩོན་གྱི་ཟམ་པ། བྱིས་པའི་རེ་བའི་ཟམ་པ་བཅས་ཡིན་པས་ང་ཚོས་དེའི་ཕྱོགས་ནས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། 

དགེ་རྒན་ཚོས་ཕྲུ་གུ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ལ་ལྟ་ཞིབ་མང་ཙམ་བྱས་ནས་ཕྲུ་གུ་ཚང་མའི་འཚར་ལོངས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཟིན་ཐོར་བཀོད་དེ་གཟའ་འཁོར་གཅིག་དང་གཉིས་ནས་ཟླ་བ་གཅིག་བར་པར་རིས་དང་ཡི་གེའི་ཐོག་ནས་ཕྲུ་གུ་བྱིས་པ་ཁང་དུ་ཡོད་པ་དང་ཁྱིམ་དུ་སྡོད་པའི་གནས་ཚུལ་ཟིན་ཐོར་བཀོད་དེ་ཕྲུ་གུ་ཚང་མར་འཚར་ལོངས་ཀྱི་ཡིག་ཚགས་བཟོ་བ་དང་ཆབས་ཅིག། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་རང་ཉིད་ཀྱི་སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏང་དགོས་ཞེས་པ་ནི་ཕུའུ་ཅང་རྫོང་གིས་བྱིས་པ་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་དགེ་རྒན་ཏིན་ཅིན་ཧན་གྱི་སློབ་ཁྲིད་འདུ་ཤེས་ཡིན་ཞིང་། ཁོས་དགེ་རྒན་ཚང་མས་རང་འགུལ་ངང་ཕྲུ་གུའི་འཚར་ལོངས་ལ་དོ་ཁུར་དང་ཁེར་རྐྱང་བར་གྱི་ཧེ་བག་ལ་སྣང་ཆེན་བྱས་ནས་བྱིས་པའི་ཀུན་སྤྱོད་དང་།ཤེས་རིག། ལུས་རྩལ།མཛེས་རྩལ།ངལ་ནུས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་རེ་བ་བཏོན། 

དཀར་མཛེས་ཁུལ་བྱིས་པ་ཁང་གི་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་བསྡུ་རུབ་བྱེད་སྒོའི་ནང་དགེ་རྒན་ཚང་མ་ཞུགས་ཡོད།དགེ་རྒན་ལི་ཡོན་གྱིས་སློབ་ཁྲིད་བྱེད་པའི《སྤྲོ་སྣང་དོད་པའི་ཚགས་པར》ལ་ཁུལ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཁུལ་སློབ་གསོ་ཚན་རིག་ཁང་གིས་སྤེལ་བའི2021ལོའི་དཀར་མཛེས་ཁུལ་བྱིས་པ་ཁང་གི་ཕུལ་བྱུང་གྱོད་དཔེ་འགྲེམས་སྟོན་དང་དཔྱད་བསྡུར་བྱེད་སྒོའི་ཁྲོད《དམར་དམག་ཟམ་པ་བསྐྱར་སྐྲུན》ལ་ཁུལ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་ཡོད། 

དགེ་རྒན་ཚོར་བློ་བདེ་སེམས་སྐྱིད་ངང་ནས་སློབ་གསོ་གཉེར་དུ་བཅུག། 

ལྕགས་ཟམ་གྲོང་རྡལ་བྱིས་པ་ཁང་གིས་དུས་རིམ་དང་ཚན་པ་བགོས་ནས་རྐང་འཛིན་དགེ་རྒན་སྒྲིག་འཛུགས་བྱས་ནས་ཞིང་ཆེན་དང་།གྲོང་ཁྱེར།རྫོང་བཅས་ཀྱིས་གཉེར་བའི་ལས་གནས་སྣ་ཚོགས་ཀྱི་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་དང་། ཞིང་ཆེན་རིམ་པའི་བྱིས་པའི་སློབ་གསོའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་དྲྭ་ཐོག་ཏུ་འཆད་ཁྲིད་བྱེད་སྟངས་བརྒྱུད་དེ་བྱིས་པ་ཁང་ཡོངས་ཀྱི་དགེ་རྒན་ལ་གསོ་སྦྱོང་བྱས། ཚུར་འོང་ཕར་སྐྱེལ་གྱི་རྣམ་པར་བརྟེན་ནས་དགེ་རྒན་ཚོས་བྱིས་པའི་ལྟ་བ་དང་སློབ་གསོའི་ལྟ་བ་གསར་པ་གསོ་སྐྱོང་བྱས་པ་དང་།འགུལ་རྣམ་གསར་པ་དང་ཆ་འཕྲིན་གསར་པ་རྒྱུས་ལོན་བྱེད་པ།སྔོན་ཐོན་གྱི་བྱིས་པའི་སློབ་གསོའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་སྦྱོང་བ་བཅས་བྱས་ཡོད། བྱིས་པ་ཁང་གིས་དགེ་རྒན་གྱི་ལས་ཀའི་ལས་གནས་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ལས་ཀའི་གདེང་འཇོག་མ་ལག་བཟོས་ནས་རིམ་པ་མི་འདྲ་བའི་དམིགས་ཚད་གཞིར་བཟུང་ནས་ངོ་བོ་གཏན་འཁེལ་དང་། གྲངས་ཚད་གཏན་འཁེལ་གྱི་གདེང་འཇོག་བྱ་རྒྱུར་སྣང་ཆེན་བྱས་ནས་བྱིས་པ་ཁང་ཡོངས་ཀྱི་དགེ་རྒན་གྱི་སློབ་སྦྱོང་དང་སློབ་ཁྲིད་ཞིབ་འཇུག་གི་སྤྲོ་སེམས་འཕེལ་བ་བྱས་ཏེ་དགེ་རྒན་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་བསྐུལ་ཡོད། 

ལི་ཞ་ཡིས་བྱིས་པ་ཐོག་མར་འཚར་ལོངས་བྱུང་སྐབས་ནི་དེ་བས་ཀྱང་རྩ་ཆེ་ཤོས་ཡིན་ཞིང་། ང་ཚོས་བྱིས་པ་ཐོག་མར་རང་བྱུང་འཕེལ་ཕྱོགས་ཀྱི་ཐབས་ལམ་ལ་ཁྲིད་སྟོན་བྱས་ནས་བྱིས་པའི་གཞི་རྩའི་གོམས་གཤིས་གཏན་འཁེལ་བྱེད་ཐུབ་པ་དང་།རྗེས་མའི་གཞི་རྩའི་འཕེལ་ཕྱོགས་གཏན་འཁེལ་བྱེད་ཐུབ་ཅེས་བཤད། 

དགེ་རྒན་གྱི་དཔུང་སྡེ་བརྟན་པོ་ཡོང་བའི་ཐད་ལྕགས་ཟམ་རྫོང་གིས་ཕན་ཡོད་སྲིད་ཇུས་མང་པོ་བཏོན་ནས་དགེ་རྒན་ལ་བློ་བདེ་པོའི་ངང་སློབ་ཁྲིད་བྱ་རྒྱུའི་ལྕག་སྐུལ་བྱས། གྲོང་སྡེའི་དགེ་རྒན་གྱི་གླ་ཕོགས་དང་འཚོ་བའི་ཐོབ་ཐང་གི་སྲིད་ཇུས་དོན་འཁྱོལ་བྱས་ནས་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་ཚད་གཞི་སྒོར400ལས་མི་དམའ་བ་དང་རིམ་པ་ལུགས་མཐུན་ངང་དབྱེ་ནས་སློབ་གྲྭའི་ཐག་རིང་ལུང་ཁུག་གི་ཚད་གཞི་ལྟར་སྒོར400ནས550བར་འཕར་བ་བྱ་རྒྱུ་དང་། འབྲེལ་མཐུད་སློབ་ཁྲིད་བྱས་ནས་ལོ30འཁོར་བའི་ལས་འཁྱུར་ངལ་གསོའི་དགེ་རྒན་ལ་རྫོང་ནོར་སྲིད་ཀྱི་ཐེངས་གཅིག་རང་བཞིན་གྱི་བྱ་དགའི་སྲིད་ཇུས་ལག་ 

བསྟར་བྱས་ཏེ་རྫོང་ནོར་སྲིད་ཀྱིས་གྲོང་ཁུལ་སློབ་གྲྭ་ལ་སྒོར་ཁྲི7དང་།ཡུལ་ཤོག་དང་གྲོང་རྡལ་སློབ་གྲྭར་སྒོར་ཁྲི8 གྲོང་སྡེ་རིམ་པའི་སློབ་གྲྭར་སྒོར་ཁྲི9བཅས་ཀྱི་ཐོག་ནས་ཐག་བཅད་ཡོད། རྫོང་ནོར་སྲིད་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི30བཀོད་སྒྲིག་བྱས་ནས་ཕུལ་བྱུང་དགེ་རྒན་དང་།ཕུལ་བྱུང་སློབ་སྤྱི་བཅས་སྒྲིག་འཛུགས་བྱས་ཏེ་དར་རྒྱས་ཆེ་བའི་ས་ཁུལ་དུ་ཞིབ་འཇུག་དང་།སློབ་གསོ།ལུས་གསོ་བཅས་ཀྱི་བྱེད་སྒོ་སྤེལ་ནས་མཐོང་རྒྱ་ཆེ་རུ་གཏོང་གི་ཡོད། སྒོར་ཁྲི100ཡི་དགེ་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་གཅེས་སྐྱོང་ཐེབས་རྩ་བཙུགས་ནས་གནོད་འཚེ་དང་ནད་རིམས་སོགས་ཀྱིས་ཁྱིམ་ཚང་ལ་དཀའ་ངལ་བཟོ་བའི་སློབ་གསོའི་ལས་དོན་པར་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་ཁ་གསབ་སྤྲད་ཡོད། ཕྱིན་ཆད་སློབ་ཁྲིད་སྤུས་ཚད་ཀྱི་བྱ་དགའི་སྔོན་རྩིས་དེ་སྒོར་ཁྲི200(2022ལོའི་སྔོན་རྩིས་ནང་བཞག་པ)བར་མཐོ་རུ་བཏང་ནས་སློབ་ཁྲིད་སྤུས་ཚད་ཀྱི་བྱ་དགའ་དང་།གསོ་སྦྱོང་དགེ་རྒན།རྫོང་རིམ་པའི་གྲགས་ཅན་དགེ་རྒན་གྱི་ལས་དོན་ཁང་གཏོད་རྒྱུ་ཡིན་ཞིང་། རྫོང་སྲིད་གཞུང་གིས2021ལོར་མ་དངུལ་སྒོར་ཁྲི200བཏང་ནས་སྟེགས་བུ་གཅིག་དང་མ་ལག་གཉིས་འཛུགས་སྐྲུན(ད་ལྟ་ཁྲི50བཀོད་སྒྲིག་བྱས་ཟིན་པ)ལ་སྤྱད་པ་དང་སླད་ཕྱིན་ལོ་ལྟར་མ་དངུལ་སྒོར་ཁྲི150གཏོང་རྒྱུ་ཡིན་པ་རེད། 2022ལོའི་དཔྱིད་དུས་ཀྱི་སློབ་དུས་ནས་བཟུང་དབང་པོ་སྐྱོན་ཅན་ཅན་གྱི་ལོ་ཆུང་བྱིས་པར་མུ་མཐུད་ནས་སློབ་མ་རེར་སྒོར800ཡི་ཚད་གཞི་ལྟར་རྫོང་ནོར་སྲིད་ཀྱིས་རོགས་སྐྱོར་བྱ་རྒྱུ་རེད། 

ཉེ་བའི་ལོ་ཤས་རིང་ལྕགས་ཟམ་རྫོང་གིས་དགེ་རྒན་གྱི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་བའི་གསོ་སྦྱོང་ཤུགས་ཆེན་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་དང་ཕུའུ་ཅང་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་ཀྲེ་ཅང་ཞིང་ཆེན་གྱིས་དགེ་རྒན་དང་ཕུའུ་ཅང་རྫོང་ནས་དགེ་རྒན15མངགས་ཏེ་རྫོང་དེར་ཁ་གཏད་སློབ་སྐྱོར་ལས་དོན་སྤེལ། 2020ལོའི་ཆེས་དབུལ་པོའི་རྫོང་གི་གྲོང་སྡེའི་དགེ་རྒན་གྱི་བྱང་ཚད་དང་ནུས་པ་མཐོར་གཏོང་རྣམ་གྲངས་ལག་ལེན་བསྟར་ནས་ཚོགས་པའི་ཟབ་སྦྱོང་སློབ་མ70ཝུན་ཅང་དུ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ཡོད།མི890ཡིས་གྲོང་སྡེར་སློབ་ཁྲིད་བྱེད་པར་མངགས་པའི་ཐོག་ལས་སྟེགས་སུ་ཟབ་སྦྱོང་བྱེད་པའི་གསོ་སྦྱོང་བྱེད་སྒོར་ཞུགས་ནས་སློབ་ཚན20ཡི་དུས་མཚམས་བདུན་གྱི་གསོ་སྦྱོང་བྱས་པ་དང་། སློབ་གྲྭ་འབྲིང་ཆུང་དང་བྱིས་པ་ཁང་གི་དགེ་རྒན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བས་དགེ་རྒན་གསོ་སྦྱོང་ཡོངས་སུ་ཁྱབ་ཡོད། རྫོང་རིམ་པའི་གྲགས་ཅན་དགེ་རྒན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྫོང་ནོར་སྲིད་ཀྱིས་གྲགས་ཅན་དགེ་རྒན་གྱི་ལས་དོན་ཁང་ཚང་མར་ལས་ཀའི་འགྲོ་གྲོན་སྒོར་ཁྲི6བཀོད་སྒྲིག་བྱས་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1