མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པུ་ཁི་ནཱ་ཧྥ་སོ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༦ཚེས་༡༧ཉིན།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། པུ་ཁི་ནཱ་ཧྥ་སོ་ནས་ཉེ་སྔོན་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། པུ་ཁི་ནཱ་ཧྥ་སོའི་བྱང་ཕྱོགས་ཀྱི་སཱ་ཧི་ལེ་ས་ཁུལ་ཆེན་མོའི་སེ་ཐིན་ཅཱ་གྲོང་རྡལ་དུ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་མང་བོ་རང་ཁྱིམ་དང་བྲལ་ཡོད་ཟེར། 

        གསལ་སྒྲོག་ལས་བཤད་རྒྱུར། ཀུའུ་ཐི་ལོས་སི་ཡིས་འདས་པོའི་ཁྱིམ་མི་དང་པུ་ཁི་ནཱ་ཧྥ་སོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། པུ་ཁི་ནཱ་ཧྥ་སོའི་དབང་འཛིན་ལས་ཁུངས་ཀྱིས་ཤུགས་ཆེན་པོས་ཐེངས་འདིའི་འཇབ་རྒོལ་ལ་རྟོག་ཞིབ་བྱས་ནས། ལག་དམར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ཀུའུ་ཐི་ལོས་སི་ཡིས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་པུ་ཁི་ནཱ་ཧྥ་སོ་ཡིས་བདེ་འཇགས་མིན་པའི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

        ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ། པུ་ཁི་ནཱ་ཧྥ་སོ་རུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་སྟེ། བདེ་འཇགས་གནས་བབ་ཛ་དྲག་ཏུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1