ཁོང་གིས་ཕོ་བྲང་པོ་ཏ་ལར་རིག་དངོས་176ཞལ་འདེབས་སུ་ཕུལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-17


 

ཞལ་འདེབས་ཕུལ་བའི་མཛད་སྒོ་སྤེལ་ཡུལ། 

      མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་བློ་བཟང་བསྟན་འཛིན་གྱིས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ལ་མི་སྒེར་གྱི་ཉར་ཚགས་རིག་དངོས་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་སྤེལ་བ་རེད།

      བློ་བཟང་བསྟན་འཛིན་ལགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་རིག་དངོས་176གི་ནང་ཐང་ག་དང་། ན་བཟའ། སྐུ་བརྙན། འཇིམ་བཟོ། རྡོ་བརྐོས། དཔེ་རྙིང་། ཡོ་ཆས། གདུང་རྟེན་སོགས་ཁག་བཅུ་ལྷག་ཚུད་ཡོད། དེའི་ནང་དུས་རབས་15པར་བྲིས་པའི་མི་བསྐྱོད་པའི་ཐང་ག་དེ་རིག་དངོས་རིམ་པ་དང་པོའི་གྲས་སུ་གཏན་འཁེལ་བྱས་ཡོད། 

      བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཞའོ་ཁྲོན་ཅང་གིས། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་ངེས་པར་དུ་ཞལ་འདེབས་ཕུལ་བའི་རིག་དངོས་དེ་དག་ཉར་ཚགས་ཡག་པོ་དང་། སྲུང་སྐྱོང་ཡག་པོ། ཞིབ་འཇུག་ཡག་པོ་བཅས་བྱས་ནས་ཞལ་འདེབས་ཕུལ་བའི་རིག་དངོས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱེད་པ་དང་། ཤུལ་བཞག་རྩ་ཆེན་ལ་ཀུན་གྱིས་ལོངས་སུ་སྤྱོད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱས་ནས། དེའི་ཁྲོད་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བཤད་པ་རེད།

      བློ་བཟང་བསྟན་འཛིན་ལགས་ཀྱིས་བསྟན་དོན། ངས་ལོ་7ནས་བཟུང་བོད་ཀྱི་ལྷ་བཟོ་ཆེན་མོ་ཡེ་ཤེས་ཤེས་རབ་དང་། དུང་དཀར་རིན་པོ་ཆེ་སོགས་ཀྱི་བཀའ་སློབ་ལ་ཉན་པ་ཡིན། ཁོང་ཚོས་ཆུང་དུས་ནས་ངའི་སེམས་ནང་མེས་རྒྱལ་ལ་དགའ་ཞེན་དང་མེས་པོས་བཞག་པའི་ཤུལ་བཞག་རྩ་ཆེན་ལ་སྲུང་སྐྱོང་བྱེད་པའི་འབྲས་བུ་བཏབ་ཡོད། ལོ་མང་པོའི་རིང་ལ། ངས་དུས་ཡུན་རིང་པོར་དམངས་ཁྲོད་ཀྱི་རིག་རྫས་རྩ་ཆེན་འཚོལ་སྡུད་བྱེད་པར་འབད་བརྩོན་བྱས་པ་ཡིན། ནུས་ཤུགས་ཡོད་རྒུས་སེམས་ནུས་དང་མ་དངུལ་འབོར་ཆེན་བཏང་ནས་ཉོས་པ་ཡིན། རང་ཉིད་ཀྱིས་ཉར་ཚགས་བྱས་པའི་རིག་དངོས་དེ་དག་ཁག་ཅིག་གཙུག་ལག་ཁང་ལ་ཕུལ་བ་དང་། ད་རེས་རིག་དངོས་176ལྷག་ཡོད་པ་ཚང་མ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ལ་ཞལ་འདེབས་སུ་ཕུལ་བ་ཡིན།  ཕྱོགས་གཅིག་ནས་ཕོ་བྲང་པོ་ཏ་ལ་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རིག་གནས་ཀྱི་བང་མཛོད་ཡིན་པས་རང་ཉིད་ཀྱི་འབད་བརྩོན་ལ་ཁས་ལེན་ཐོབ་ཡོད་པས་གཟི་བརྗིད་ལྡན་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་རིག་དངོས་ཉར་ཚགས་ཁོར་ཡུག་དང་དོ་དམ་བྱེད་སྟངས་ཧ་ཅང་ཚད་ལྡན་ཡིན་པས། རིག་དངོས་དེ་དག་ལ་ཉར་ཚགས་དོ་དམ་ཡག་པོ་དང་། ཞིབ་འཇུག་ནན་ཏན། བེད་སྤྱོད་ལུགས་མཐུན་བཅས་བྱེད་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་ཡོད། དེ་ནི་ངའི་ལོ་མང་རིང་གི་བསམ་འདུན་འགྲུབ་པ་རེད། 

      ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཞལ་འདེབས་ཕུལ་བའི་རིག་དངོས་176གི་ཁྲོད་རིམ་པ་དང་པོའི་རིག་དངོས་4དང་། རིམ་པ་གཉིས་པའི་རིག་དངོས་21 རིམ་པ་གསུམ་པའི་རིག་དངོས་35 སྤྱིར་བཏང་རིག་དངོས་110 གཏན་འཁེལ་བྱ་རྒྱུར་ལུས་པའི་རིག་དངོས་3 རིག་དངོས་མིན་པ་3བཅས་ཡོད་པ་རེད། གསལ་འབྱེད་ལས་ངོས་འཛིན་བྱས་དོན། ཞལ་འདེབས་ཕུལ་བའི་རིག་དངོས་ཀྱི་རིགས་ཕུན་སུམ་ཚོགས་པ་དང་ཉར་ཚགས་ཡག་པོ་ཡོད། རིག་དངོས་ཁག་ཅིག་གི་ལོ་རྒྱུས་རྒྱུན་རིང་བ་དང་ལོ་རྒྱུས་ཀྱི་རིན་ཐང་ཅུང་ཆེ་བ་མ་ཟད། རྒྱུ་ཆ་སྤུས་ལེགས་དང་བཟོ་རྩལ་རྩེར་སོན་ཡིན་པས་སྒྱུ་རྩལ་དང་ཚན་རིག་གི་རིན་ཐང་ལྡན་པའི་ཕུལ་བྱུང་བརྩམས་ཆོས་རེད། 

 

དུས་རབས་15པར་བྲིས་པའི་མི་བསྐྱོད་པའི་ཐང་ག 

ཆིང་རྒྱལ་རབས་ཀྱི་དུས་འགོའིགསེར་གྱི་ཆང་བུམ།  

 


རྗེ་ཙོང་ཁ་པའི་ན་བཟའ།  

དུས་རབས་12པ་ནས་13པའི་བར་གྱི་ཚྭ་ཚྭ། 


 


བོད་ཡིག་དཔེ་རྙིང་ཁག་ཅིག 

ཞལ་འདེབས་སུ་ཕུལ་བའི་རིག་དངོས་ཁག་ཅིག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1