ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་གཟབ་རྒྱས་ངང་འཚོགས།ཞི་ཅིན་ཕིང་ཚོགས་ཞུགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


ཤིན་ཧྭ་གསར་འགྱུར་ཁང་གིས་ཞང་ཀང་ནས་སྤྱི་ཟླ་7པའི་ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་གྱི་སྔ་དྲོར། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོ་ཞང་ཀང་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཞུགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ལོ་25ཡི་རིང་མེས་རྒྱལ་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང། དེ་མིན་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཞང་ཀང་གི་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལག་ལེན་ཐོག་ནས་ཞིབ་བཤེར་ཡང་ཡང་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཞང་ཀང་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པ། མེས་རྒྱལ་གྱི་མི་དམངས་དུང་ཕྱུར་14ལྷག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ། ཞང་ཀང་དང་ཨའོ་མོན་གྱི་སྡོད་མིས་ཀྱང་མགྲིན་གཅིག་ཏུ་བརྩི་བཀུར་ཞུས་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ཡོངས་ཁྱབ་ཏུ་མོས་མཐུན་བྱས་པ་རེད། ལམ་ལུགས་བཟང་པོ་འདི་འདྲར་འགྱུར་བ་གཏོང་བའི་རྒྱུ་མཚན་གང་ཡང་མེད་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན།


སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཤིང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།

ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུར་ཕྱིན་ནས་དམ་བཅའ་འཇོག་པར་གཟིགས་རྟོག་གནང། ལི་ཅ་ཁྲའོ་ཡིས་ཐོག་མར་འགན་བཞེས་དམ་བཅའ་བཞག་ཅིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་རྟགས། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་བཅས་ཀྱི་མདུན་དུ་ལག་གཡས་པ་ཡར་བཀྱགས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བརྗིད་ཉམས་ཆེན་པོས་དམ་བཅའ་བཞག །

དེའི་རྗེས་སུ། ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་གཟིགས་རྟོག་གནང་བ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ་རྣམས་ཀྱིས་ལི་ཅ་ཁྲའོ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག །

དེའི་རྗེས་སུ། ལི་ཅ་ཁྲའོ་ཡིས་དམ་བཅའ་སྲུང་ཞིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་གྲོས་ཚོགས་ཀྱི་ཚོགས་མིས་འགན་བཞེས་དམ་བཅའ་བཞག །

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང། ཁོང་གིས་དང་ཐོག་ཞང་ཀང་གི་ཡུལ་མི་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་། གསར་དུ་འགན་བཞེས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་ལི་ཅ་ཁྲའོ་དང་སྐབས་དྲུག་པའི་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་སྲིད་འཛིན་ཚོགས་འདུའི་ཁོངས་མིར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་ཞང་ཀང་གི་དར་རྒྱས་བརྟན་བརླིང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཕྱི་ནང་གི་སྤུན་ཟླ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1