༄༅།།ཚ་ཞང་འདན་མ་བྱང་ཁྲ་དེས་དར་བཟའ་གཡུ་སྒྲོན་ལ་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 07-11


   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   སྐྱབས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལ། །

   རྩེ་གཅིག་སྙིང་གིས་གསོལ་བ་འདེབས། །

   སྟོང་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །

   ས་བདེ་ཆེན་ལམ་སྣ་འདྲེན་དུ་གསོལ། །

   ས་འདི་ས་ངོ་མ་ཤེས་ན། །

   གླིང་བྱང་ཕུ་སྤེན་ལུང་ཕྱུག་མོ་རེད། །

   ང་དང་ང་ངོ་མ་ཤེས་ན། །

   ཤར་ཁྲ་བོ་གླིང་གི་ས་ཆ་ན། །

   རྗེ་མི་འགྱུར་གདོང་གི་འབུམ་པ་ལ། །

   བློན་མི་འགྱུར་ཚ་ཞང་འདན་མ་སྲིད། །

   ཕོ་ཡིན་ན་ཨ་ནུ་དེ་འདྲ་ཡིན། །

   ཆུ་ཕ་རིའི་བག་མ་ཚུར་འོང་མ། །

   ཤར་དར་བཟའ་གཡུ་སྒྲོན་ཡིན་པས་ཟེར། །

   ཉོན་དང་འདྲ་མ་ཚིག་གསུམ་ཡོད། །

   ཇག་ཕར་འགྲོ་དཔོན་བློན་བདུན་པོའི་ནང་། །

   རྗེ་བཙན་པོ་ཁྲི་དཔོན་རྒྱ་ཚ་ཡོད། །

   བློན་འབྲལ་མེད་ཆོས་ལུ་དར་འཕེན་ཡོད། །

   དཔའ་འགྲན་མེད་སེང་སྟག་ཨ་དོམ་ཡོད། །

   མི་ཆུང་རྟ་ཆུང་ཇག་འགྲོས་ཅན། །

   གདོང་མི་འགྱུར་སྣང་ངུ་གཡུ་སྟག་ཡིན། །

   བློན་ཨ་འབར་བུ་ཡི་འཕེན་སྟག་ཡོད། །

   ཨ་ཁུ་ཁྲོ་ཐུང་སྟག་རྒྱལ་ཡོད། །

   བྱ་ངང་བ་མཚོ་ལ་གཏད་པ་འདྲ། །

   མཚོ་སྔོན་མོ་ཨེ་འཁྱིལ་མི་ཤེས་དོ། །

   ལུག་གཡང་དཀར་མཐོ་གསུམ་འགྲིམ་པ་འདྲ། །

   སྒང་རྩི་ཐོག་ཨེ་བཀྲ་མི་ཤེས་དོ། །

   བྱ་ཁུ་བྱུག་འབྲས་ལ་བལྟས་པ་འདྲ། །

   འབྲུ་དཀར་མོ་ཨེ་སྨིན་མི་ཤེས་ཏེ། །

   ཁྱོད་དར་བཟའ་གླིང་ལ་གཏད་པ་འདྲ། །

   དཔོན་གཡུ་སྟག་སྒང་ཁའི་དར་ལྕེ་རེད། །

   ཕ་སྤྱི་དཔོན་མ་བཤོལ་ཤོར་ལེ་ཡིན། །

   གདོང་ཞལ་ལུས་མ་བཤོལ་ཤོར་ལེ་ཡིན། །

   བཤོལ་དེ་བྱས་མ་ཚད་མཉམ་ཆས་ཡོད། །

   གླིང་ལྷ་སྡེས་མ་བཤོལ་ཤོར་བ་ཡིན། །

   གར་འགྲོ་ཧོར་སེར་སྟེང་ལ་འགྲོ། །

   དགྲ་མ་ཐུབ་ཆམ་ལ་ཨེ་ཕབ་བསམ། །

   གནའ་མི་བོད་ཀྱི་གཏམ་དཔེ་ལ། །

   ར་རྩིད་འུར་རྡོ་འཕེན་བྱེད་རྒྱུ། །

   ཡུན་རིང་ན་རང་གི་མགོ་ལ་ཕོག །

   བུ་སྣང་ངུ་ཕར་འགྲོ་ཇག་ལ་ཆས། །

   ཚུར་ཡོང་རྟིང་མ་ཅི་འདྲ་བསམ། །

   ཕོ་གསར་ཇག་ལ་ཕར་འགྲོ་དང་། །

   ཁྱོད་ཚུར་འོང་འཕྲད་པ་འོས་མ་བྱུང་། །

   བཤོལ་བསམ་ན་བུ་མོ་ཚུར་ལ་ཤོག །

   ཕོ་གསར་ཇག་ལ་ཕར་འགྲོ་དེ། །

   ཁྱོད་བུ་མོའི་བཤོལ་བཏབ་མི་ཉན་ཡང་། །

   རྗེས་འགྱོད་མེད་བྱེད་ན་ཚུར་ལ་ཤོག །

   ཚིག་གསུམ་གྱིས་བཤོལ་འདེབས་ཅིས་མི་སྒྲོགས། །

   གླིང་ཚོ་ཆེན་མདུན་ནས་མ་བཤོལ་བའི། །

   ཁྱོད་བུ་མོའི་ངོ་ལ་མི་ལྟ་སྟེ། །

   གཟོད་ཕར་ལམ་འགྱོད་པ་མེད་ངེས་ཡིན། །

   ངས་བལྟས་ན་ཉན་ལེ་མི་ཡོང་བསམ། །

   དེ་རིང་ཐོད་པའི་བཀོད་བཞག་རེད། །

   སྣང་ངུ་སྐུ་ཁམས་མ་བཟང་ན། །

   གཏམ་མི་ཚེ་གླིང་ལེ་ཐོན་ནས་གདའ། །

   ད་ལོ་དགུང་ལོ་བཅུ་གསུམ་རེད། །

   རང་སྐག་སྟེང་གི་ཇག་འགྲོ་འདི། །

   ཡིན་བསམ་འདན་མའི་ཡིད་ལ་མེད། །

   མི་འགྲོ་མི་ཕོད་ཤ་ཚའི་གཏམ། །

   ཕོ་གསར་མཚང་ལ་མི་འཕྲོད་དོ། །

   ཕོ་རྡོ་འཁྱོག་ཆག་གྲུམ་ཡོང་འདོད་འདྲ། །

   སྔ་དྲོ་ཁ་ཕོ་ཐག་ཐག་འདི། །

   ཉི་མ་རྒས་ཀྱི་དགོང་ཁ་ལ། །

   ཆེ་ན་མགོ་སྐེ་དགྲ་ལ་ཤོར། །

   ཆུང་ན་དམའ་འབབ་རང་གིས་ཉོ། །

   ལས་འདྲ་འགྲིག་ཡིད་ལ་མི་ཡོང་དོ། །

   དེ་སྟེ་སྣང་ངུའི་ཐུགས་འདོད་རེད། །

   བཤོལ་བསམ་ན་བུ་མོ་ཚུར་ལ་ཤོག །

   གླུ་གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འགྲེལ་བ་ཞུ། །

   ཁྱོད་དར་བཟའི་ཡིད་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1