“ཨ་མདོའི་མིག་ར”སྐད་གྲགས་ཆོད་པར་བྱས་ནས་ཕྱིར་ཚོང་ཐུབ་པ་བྱེད་ཀྱི་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-14



 འདི་ནི་ཚེ་རིང་ཆོས་སྐྱིད(གཡོན་གྱི་དང་པོ)ཀྱི་ཁྱིམ་དུ་ཚེ་རིང་ཆོས་སྐྱིད་དང་ཁོང་གི་ནང་མི་ཚོས་གསར་འགོད་པ་དང་མཉམ་དུ“ཨ་མདོའི་མིག་ར”བཏགས་ནས་དྲན་རྟེན་པར་བརྒྱབ་པ།

 ཉིན་ཤས་གོང་། ཨ་མདོ་རྫོང་གི་སྐབས་དང་པོའི་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་བྱ་ཡུལ་དུ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཨ་མདོའི་མིག་ར”རྒྱུན་འཛིན་པ་ཚེ་རིང་ཆོས་སྐྱིད་ཀྱིས་གསར་འགོད་པར་བོད་ཀྱི་གནའ་བོའི“མིག་ཤེལ་ནག་པོའི”ཡིད་དབང་འཕྲོག་ཤུགས་བསྟན་པ་མ་ཟད། དེའི་སྐོར་གྱི་གཏམ་རྒྱུད་ཀྱང་བཤད།

 ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་གངས་ལྗོངས་ས་མཐོར་གསོ་རླུང་དཀོན་པས་རླུང་ཁམས་ཆེ་མོས་སྨུག་ཕྱིའི་འོད་ཟེར་བསྡུ་ལེན་དང་འགྱེད་འཕྲོ་བྱེད་དཀའ་བ་དང་ལྷག་པར་དུ་འཁྱགས་རོམ་དང་གངས་གསོག་ཁུལ་དུ་ལྡོག་འཕྲོའི་འོད་ཀྱི་སྨུག་ཕྱིའི་འོད་ཟེར་འདུས་ཚད་5%ཙམ་ཟིན་གྱི་ཡོད། འགོག་སྲུང་བྱ་ཐབས་གང་ཡང་མེད་པའི་གནས་ཚུལ་འོག དུས་ཡུན་རིང་པོར་ཁོར་ཡུག་འདི་འདྲའི་ཁྲོད་མིའི་མིག་ཟུང་ལ་སྨུག་ཕྱིའི་འོད་ཀྱི་འགྱེད་འཕྲོའི་གནོད་འཚེ་ཆེན་པོ་ཕོག་སྲིད།

 ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མི་སྐྱོང་བ་དང་ཡུལ་ཕྱོགས་དེ་གའི་རིག་གནས་དེ་བས་སྐྱེད་སྲིང་བྱེད་བཞིན་ཡོད། ས་མཐོའི་ཉི་འོད་འགོག་པ་དང་གངས་ཕྱིད་སོགས་མིག་ནད་སྣ་ཚོགས་སྔོན་འགོག་བྱ་ཆེད། བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ས་མཐོའི་ཁྱད་ཆོས་ཟབ་མོ་ལྡན་པའི“མིག་ཤེལ་ནག་པོ”བཟོས་ཡོད། མིག་ར་དེས་མིག་ནད་སྔོན་འགོག་ཐད་ད་ལྟའི་མིག་ཤེལ་ནག་པོ་དང་འདྲ་བའི་ནུས་པ་ཐོན་གྱི་ཡོད་པས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཚོས“གངས་ཤེལ”དང“མིག་ཁེབས”ཞེས་འབོད་ཀྱི་ཡོད།

 “མིག་ར་ནག་པོ”དེ་རིགས་བོད་ལྗོངས་ཀྱི་སྐྱས་སྤོས་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མིག་སྲུང་ཡོ་བྱད་ཤིག་ཡིན་པའི་ངོས་ནས་ད་ཆ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད།

 རྨོ་ལགས་ཀྱི་ཤུགས་རྐྱེན་འོག ཚེ་རིང་ཆོས་སྐྱིད་ཆུང་དུས་ནས་ཕ་ཡུལ་གྱི་མིག་ར་ལ་དགའ་པོ་ཡོད་པ་དང་རྒྱུན་དུ་རྨོ་ལགས་ཀྱི་འགྲམ་དུ་བསྡད་དེ་བཟོ་སྟངས་སྦྱོང་གི་ཡོད་མོད། འོན་ཀྱང་དེ་ནི་ཚེ་རིང་ཆོས་སྐྱིད་ཀྱི་རྩེད་མོའི་ཚུལ་ཙམ་རེད།

 ཉིན་ཞིག་རྨོ་ལགས་ཀྱིས་ཚེ་རིང་ཆོས་སྐྱིད་ལ“ད་ལྟ་མིག་ར་སྤྱོད་མཁན་ཉུང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ཁྱོད་ཀྱིས་ངེས་པར་དུ་ལག་རྩལ་དེ་ཤེས་པར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་ནུས་པར་བརྟེན་ནས་ལག་རྩལ་དེ་རྒྱུན་འཛིན་བྱེད་དགོས། དེར་ང་ཚོ་མི་རབས་ནས་མི་རབས་བར་གྱི་བྱང་ཐང་བའི་བློ་གྲོས་གཅིག་འདུས་བྱས་ཡོད”ཅེས་ནན་པོའི་ངང་བཤད།

 དུས་དེ་ནས་བཟུང་ཚེ་རིང་ཆོས་སྐྱིད་ཀྱིས་མིག་ར་བཟོ་བའི་ལག་རྩལ་ལ་ལྟ་སྟངས་ནན་ཏན་འཛིན་པ་དང་སློབ་སྦྱོང་ཧུར་ཐག་བྱས་ནས་རྒྱུན་འཛིན་གྱི་འགན་འཁྲི་འཁུར་བ་རེད། ད་ཆ་ལོ་34ལ་སླེབས་པའི་ཚེ་རིང་ཆོས་སྐྱིད་ནི“ཨ་མདོའི་མིག་རའི”མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པ་དང་འབྲེལ་དགེ་ཕྲུག་5བསྡུས་ཡོད།

 ཨ་མདོ་རྫོང་རྩ་རིང་གྲོང་རྡལ་མེ་ལོང་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད་པའི་ཚེ་རིང་ཆོས་སྐྱིད་ཀྱི་ཁྱིམ་དུ་ཁོང་གིས་ས་གནས་ས་ཐོག་ཏུ་མིག་ཁེབས་བཟོ་སྟངས་འགྲེལ་བཤད་བརྒྱབ་པ་བརྒྱུད། གསར་འགོད་པས“ཨ་མདོའི་མིག་ར”བཟོ་རྩལ་ཞིབ་ཕྲ་ཤེས་རྟོགས་ཐུབ་བྱུང་།

 རྩིད་སྐུད་འཁེལ་བ། བསླས་སླ་ཞིང་སྤྱོད་ཤན་ཆེ་བ་དང་བཟོ་ལྟ་མི་འགྱུར་བའི་ཆེད་དུ་རྩིད་སྐུད་རྐང་གཉིས་གསུམ་གོང་བུ་གཅིག་ཏུ་འགྲིལ་ནས་དེའི་སྟེང་མར་དཀར་བྱུགས་ནས་མཉེན་ཆ་འདོན་གྱི་ཡོད།

 བསླ་སྟངས། རྩིད་སྐུད་50ནས་80བར་གྲ་སྒྲིག་བྱས་རྗེས(བྱིས་པ་དང་དར་མའི་མིག་ར་ཆེ་ཆུང་མི་འདྲ་བ)བསླས་འགོ་རྩོམ་གྱི་ཡོད།

 མཐའ་ཆགས། རྩིད་སྐུད་རྩུབ་མོ་ཡིན་པས། མིག་ལ་བཏགས་རྗེས་མི་བདེ་བ་མི་ཡོང་བའི་ཆེད་དུ། མཐའ་ཆགས་སུ་བལ་འཇམ་པོས་བཏུམ་པ་དང། མིག་སྒྲོག་ལའང་བལ་དང་ཡང་ན་རས་འཇམ་པོས་བཏུམ་གྱི་ཡོད། སྤུས་ལེགས་ཀྱི་རིགས་ལ། ད་དུང་གཟི་མིག་དགུ་པའི་དབྱིབས་བསླ་ཡི་ཡོད།

 “ང་ཚོར་འབྲི་གཡག་ནག་པོ་དང་འབྲི་གཡག་དཀར་པོ་ཡོད་པས་འབྲི་གཡག་གི་རྩིད་པ་མི་འདྲ་བ་ལས་བཟོས་པའི་མིག་རར་སྤྱོད་སྒོ་ཡང་འདྲ་ཡི་མེད”འབྲི་གཡག་ནག་པོའི་རྩིད་པས་བཟོས་པའི་མིག་རས་གངས་ཕྱིད་འགོག་ཐུབ་པ་དང་། འབྲི་གཡག་དཀར་པོའི་རྩིད་པས་བཟོས་པའི་མིག་རས་གཙོ་བོ་དབྱར་དུས་སུ་བྱེ་རླུང་འགོག་ཐུབ་ཀྱི་ཡོད་ཅེས་ཚེ་རིང་ཆོས་སྐྱིད་ཀྱིས་བཤད།

“ཨ་མདོའི་མིག་ར”ནི་ཨ་མདོའི་རིག་གནས་ཀྱི་མིང་བྱང་རེད། མངོན་མིན་རིག་གནས་ཤུལ་བཞག་གི་མིག་ར་བཟོ་རྩལ་ཁྱབ་གདལ་གཏོང་ཆེད། ཨ་མདོ་རྫོང་གིས་ཀྱང་ནུས་ཤུགས་ཆེན་པོ་བཏོན་པ་དང་བྱེད་ཐབས་མང་པོ་སྤྱད་ནས་ཚེ་རིང་ཆོས་སྐྱིད་དང་འདྲ་བའི་མི་སྣ་གསོ་སྐྱོང་བྱས་པ་མ་ཟད། སྤྱོད་རིན་དང་། ལྟ་རིན། ཉར་རིན་བཅས་ནུས་པ་ལྡན་པའི་མིག་ར་ཁྲོམ་རར་སྔ་ཙམ་འདོན་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1