༄༅།། ཡར་ཀླུང་རིག་གནས་དུས་ཆེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ། སྤེལ་དུས། 07-14


ལྷོ་ཁའི་ཡར་ཀླུང་ནི་བོད་མི་རིགས་ཀྱི་འབྱུང་ཁུངས་དང་བོད་ཀྱི་རིག་གནས་དར་ཡུལ་གཙོ་བོ་ཡིན་ཞིང་། ཡར་ཀླུང་རིག་གནས་དུས་ཆེན་དེ་ལོ་རེའི་སྟོན་ཟླ་བརྒྱད་པའི་ནང་གཟབ་རྒྱས་ངང་སྐོང་ཚོགས་བྱེད་ཅིང་། དུས་ཡུན་ཉིན་ལྔ་ཙམ་གཏོང་བའི་རིག་གནས་དུས་ཆེན་ཐོག་མངོན་གསལ་དོད་ཤོས་ནི་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་ཡིན་ཞིང་། ཉིན་དེ་དག་རིང་ལྷོ་ཁའི་རྫོང་ཁག་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་རང་སོ་སོའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་དང་། རྩེད་ཐང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ལྷ་མོ་ཚོགས་པས་ལྷ་མོ་འཁྲབ་སྟོན། ལྷོ་ཁའི་སྒོར་གཞས་འཁྲབ་པ་སོགས་བྱེད་པ་མ་ཟད། སྐབས་རེ་ལྗོངས་ནང་ཁུལ་ནས་གདན་ཞུ་བྱས་པའི་ཆབ་མདོ་དང་ཉིང་ཁྲི་ས་ཁུལ་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱེད་ཀྱི་ཡོད་པས། ས་གནས་དེ་གའི་མང་ཚོགས་དང་ཕྱོགས་བཞིའི་སྐུ་མགྲོན་རྣམས་ལ་སྒྱུ་རྩལ་གྱི་སྟོན་མོ་གྱ་ནོམ་པ་ཞིག་ལོངས་སྤྱོད་ཐུབ་ཀྱི་ཡོད།  ཡར་ཀླུང་རིག་གནས་དུས་ཆེན་ཐོག ད་དུང་ལྷོ་ཁའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ལྷོ་ཁའི་དམིགས་བསལ་ཐོན་ཟོག་འགྲེམས་ཚོང་། ཡུལ་སྐོར་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོ ཚོང་འགུགས་རྣམ་གྲངས་འོས་སྦྱོར་ཚོགས་འདུ་སོགས་འཚོགས་ནས་ལྷོ་ཁའི་སྣོད་བཅུད་ཞིང་ལས་དང་། མི་རིགས་ལག་ཤེས་བཟོ་ལས། བོད་སྨན་ཐོན་ལས་སོགས་ངོ་སྤྲོད་རྒྱ་ཆེར་བྱས་ནས་ལྷོ་ཁའི་སྤྱི་ཚོགས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བ་དང་བསམ་པའི་དཔལ་ཡོན་གཏོད་པར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། ལྷག་དོན་དུ་ཡུལ་སྐོར་རིག་གནས་ཀྱི་རིམ་སྤེལ་བྱེད་སྒོའི་ནང་རྐང་འཁོར་བཞོན་ནས་ཡར་འབྲོག་གཡུ་མཚོ་བསྐོར་བ་དང་། མོན་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཡུལ་སྐོར་རིག་གནས་དུས་ཆེན། གྲི་གུའི་འབྲོག་པའི་དུས་ཆེན། རྒྱ་ཚའི་དྭགས་པོ་སྟར་ཁའི་དུས་ཆེན་སོགས་རིམ་སྤེལ་བྱས་ནས་ཕྱོགས་བཞིའི་སྐུ་མགྲོན་ཚོས་ཡར་ཀླུང་གི་རང་བྱུང་མཛེས་ལྗོངས་དང་དམངས་སྲོལ་རིག་གནས་རིམ་བཞིན་ཉམས་སུ་མྱོང་ཐུབ་པ་བྱེད་པ་སོགས་ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་དེ་རྒྱལ་ཡོངས་སུ་མིང་གྲགས་ཆོད་པའི་དུས་ཆེན་གྱི་གྲགས་རྟགས་ཤིག་ཏུ་གཉེར་རྒྱུའི་དམིགས་ཚད་སྒྲུབ་ཐུབ་པ་བྱེད་ཀྱི་ཡོད།  ལྷོ་ཁ་གྲོང་ཁྱེར་རི་བོ་ཧི་མ་ལ་ཡ་དང་གངས་དཀར་ཏེ་སིའི་རི་རྒྱུད་དང་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་ཤིང་། དེ་གར་ཐོན་ཁུངས་ཕུན་སུམ་ཚོགས་ལ་བོད་མིའི་འབྱུང་ཁུངས་དང་བོད་ཀྱི་རིག་གནས་དར་སར་བརྩི་བས་ཕོ་བྲང་དང་པོ་དང་། ཞིང་ཁ་དང་པོ། དགོན་པ་དང་པོ་སོགས་བོད་ཀྱི་ཨང་དང་པོ་མང་དག་ཅིག་ཡོད་ཅིང་། མི་སྣ་གྲགས་ཅན་ཐོན་མང་བ། གནས་དང་གནས་རི་མང་ལ། རིག་གནས་ཕུན་སུམ་ཚོགས་པོ་ཡོད་པའི་ཁར་རིག་གནས་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་དེ་དག་གིས་ཡར་ཀླུང་གི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྙན་གྲགས་དེ་བས་གོང་མཐོར་འགྲོ་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1