ལི་ཁེ་ཆང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-14




རིམ་པ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་ནན་དུ་བཏང་ནས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ། 

ལིའུ་ཧོ་དང་། ཝང་ཡུང་། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཞུགས་པ། 


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བདེ་འཇགས་ཐོན་སྐྱེད་ལ་ལྷོད་གཡེང་གཏན་ནས་གཏོང་མི་རུང་ཞེས་བསྟན་ཡོད། ད་ལོ་ནས་བཟུང་ས་ཁུལ་དང་ལས་རིགས་ཀྱི་ཁྱབ་ཁོངས་ཁ་ཤས་སུ་ལས་འཛོལ་མང་པོ་ཐོན་པས་བསླབ་བྱ་ཟབ་མོ་ཐོབ་ཡོད། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་རིམ་པ་བཞིན་ནན་དུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་ཆེན་པོ་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས། བདེ་འཇགས་ལྟ་འདོམས་དང་ཁྲིམས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་བཏང་ནས་བདེ་འཇགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

        གཉེར་སྐྱོང་རང་བཞིན་གྱི་རང་ཉིད་ཀྱིས་བསྐྲུན་པའི་ཁང་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་སོགས་བདེ་འཇགས་ཀྱི་ཉེན་ཁ་བཅོས་སྐྱོང་ཏན་ཏིག་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གཏེར་རི། ཨར་ལས་ཨར་སྐྲུན། ཉེན་ཡོད་རྫས་འགྱུར་དངོས་རྫས། ཆུ་ཐོག་གྲུ་གཟིངས། མེ་ཟོན་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཆེད་དོན་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་གཡོ་ཟོལ་སླ་བཅོས་དང་བཅོས་སྐྱོང་ཡག་པོ་མ་བྱུང་བའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ་དང་། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧོ་དང་རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་དང་ཀྲའོ་ཁེ་ཀྲི་ཚོགས་འདུར་ཕེབས་ཡོད་པ་རེད། ཚོགས་འདུའི་ཐོག་བསྟན་དོན། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ནས“ཉེན་ཁ་འགོག་པ་དང་། བདེ་འཇགས་འགན་ལེན། ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ”བཅས་ཀྱི་གཙོ་རྐང་འདིར་དམ་པོར་དམིགས་ཏེ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་བཀག་འགོག་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

        ཚོགས་འདུའི་ཐོག་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་མོད། འོན་ཀྱང་སྔར་བཞིན་དཀའ་ཚེགས་འཕྲད་བཞིན་ཡོད་པས། རང་ངོས་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་འོག་དུས་བབ་ཀྱི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་སྔོན་ཆད་ལས་དེ་བས་ཆེ་བ་ཡོད། དེར་བརྟེན་ངེས་པར་དུ་ངོས་འཛིན་གསལ་པོ་རྒྱུན་འཁྱོངས་དང་མཐའ་ཚད་ཀྱི་བསམ་བློ་ཤུགས་ཆེན་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1