ཆོས་རྗེ་མ་ཡུལ་ཚོ་ནི་རྔ་བ་རྫོང་གི་མཐའ་མཚམས་སུ་ཆགས་པའི་རྫོང་དང་བར་ཐག་ཆེས་རིང་བའི་ཡུལ་ཚོ་གཅིག་པུ་ཡིན། རྨ་ཆུ་སི་ཁྲོན་དུ་འབབ་སར་ཡོད་ལ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་་ཡིན། སྔོན་ཆད་ཡུལ་ཚོ་འདིའི་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་ཀྱང་། རྔ་བ་ཁུལ་དང་རྔ་བ་རྫོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འགྲིམ་འགྲུལ་དབུལ་སྐྱོར་གྱི་སྲིད་ཇུས་ལ་བརྟེན་ནས། ད་ལྟ། ནག་སྣུམ་གྱི་གཞུང་ལམ་རིང་མོ་ཞིག་རྔ་བ་རྫོང་ནས་ཡུལ་ཚོ་འདིར་འཐེན་ཡོད་པས། ས་གནས་མང་ཚོགས་དང་ཕྱི་འོང་གི་མགྲོན་པོར་སྟབས་བདེ་བསྐྲུན་ཡོད།
ང་ཚོ་གསར་འགོད་པ་མདའ་ལྟར་དྲང་བའི་ནག་སྣུམ་གྱི་གཞུང་ལམ་འདི་བརྒྱུད་ནས་ཆོས་རྗེ་མ་ཡུལ་ཚོ་རུ་འབྱོར་དུས། གནས་སྤོས་སྡོད་ཁང་དག་གྲལ་བསྟར་སྒྲིག་ནས་ཆགས་ཡོད་ལ། ཁྱིམ་ཚང་རེ་རེར་ཆུ་དང་གློག འཕྲིན་གཏོང་གི་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཡོད་པས། གང་ས་གང་དུ་མང་ཚོགས་ཀྱི་འཚོ་བའི་རྣམ་པ་གསར་བ་མིག་ལམ་དུ་གསལ་ལེར་མངོན་འོངས།
ཡུལ་ཚོ་འདིས་རྔ་བ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཐོན་སྐྱེད་བྱེད་ནུས་ཡོད་པའི་ཁྱིམ་ཚང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་དང་། རྒྱུན་མཐུད་འབབ་འཕར་རྣམ་གྲངས་ལག་བསྟར་བྱས་ཏེ་གྲོང་ཚོ་དབུལ་པོའི་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་འཕར་རྒྱུའི་འགན་ལེན་བྱས་པས། ས་གནས་རང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཡོད་ལ། གནས་སྤོའི་མང་ཚོགས་ཀྱི་ཆུ་གློག་དང་འཕྲིན་གཏོང་། དྲ་རྒྱ། འགྲིམ་འགྲུལ་སོགས་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་གྲོང་ཚོ་དང་དུད་ཚང་རེ་རེ་བཞིན་ལ་ཞིབ་བཤེར་བྱས་པ་དང་། མང་ཚོགས་དབུལ་པོ་གནས་སྤོའི་གནས་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ། གནས་སྤོའི་མང་ཚོགས་ཀྱི་ཐོན་ལས་ལས་ཞུགས་དང་། སྤྱི་པའི་ཞབས་ཞུ། སྡེ་ཁུལ་བཅོས་སྐྱོང་། སྤྱི་ཚོགས་མཉམ་འདྲེས་བཅས་ཀྱི་རྗེས་མཐུད་རོགས་སྐྱོར་བྱ་ཐབས་ལག་བསྟར་བྱེད་བཞིན་ཡོད་པས། ས་གནས་མང་ཚོགས་ཀྱི་འཚོ་བ་ལའང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་དེ། འབྲོག་པ་རེས་རེས་ཚང་ནི་ཡུལ་ཚོ་འདིའི་དབུལ་བྲལ་གྱི་ཁྱིམ་ཚང་ཞིག་ཡིན། དེ་སྔོན་ཁོ་ཚང་ལ་བཟའ་མི་མང་བར་མ་ཟད་ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་ཞན། དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་ཀྱི་བཀའ་དྲིན་ལས། ད་ལྟ་དབུལ་ཕོངས་ལས་བྲལ་ཡོད་པར་མ་ཟད་ཆ་རྐྱེན་ཤིན་ཏུ་བཟང་།
འབྲོག་པ་རེས་རེས་ཀྱིས་བཤད་རྒྱུར། ངེད་ཚང་ལ་བཟའ་མི་8ཡོད། དབུལ་བྲལ་ཁྱིམ་ཚང་ཞིག་ཡིན། 2015ལོ་ནས་བཟུང་རྒྱལ་ཁབ་ཀྱིས་དབུལ་སྐྱོར་ཁྱིམ་ཚང་གི་གྲས་སུ་བཞག་ནས་དབུལ་བྲལ་གནད་སྒྲོལ་གྱི་སྲིད་ཇུས་གཙོར་བྱས་པའི་དབུལ་བྲལ་སྲིད་ཇུས་དང་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པས། ངས་རང་ཉིད་ཀྱི་དབུལ་ཕོངས་ཀྱི་འཚོ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་རྙེད་ཅེས་བཤད།
ད་ལྟ། འབྲོག་པ་རེས་རེས་ཚང་ནི་ཡུལ་ཚོ་རུ་གནས་སྤར་ཡོད་ལ། ས་གནས་སྲིད་གཞུང་གིས་ཁོ་ལ་དབུལ་ཐར་ལས་ཞུགས་ཀྱི་གོ་སྐབས་སྤྲད་ནས། ཡུལ་ཚོ་སྲིད་གཞུང་གི་སྒོ་སྲུང་གི་ལས་ཀ་དང་སྦྲགས་སྲིད་མྱུར་སྐྱེལ་གྱི་ལས་ཀ་གཉིས་བྱེད་བཞིན་ཡོད་པས། ཁོ་མི་གཅིག་གི་ཟླ་རེའི་ཡོང་འབབ་ལ་སྒོར་5000ལྷག་ཡོད། ཁོའི་ཆུང་མས་ཀྱང་ཡུལ་ཚོ་འདིའི་ཁོར་ཡུག་གཙང་སྦྲའི་བྱ་བ་སྒྲུབ་བཞིན་ཡོད་པར་མ་ཟད། བུ་མོ་ཆེ་བས་ནོར་གནག་130ལྷག་འཚོ་བཞིན་ཡོད་པས། ད་ལྟའི་འཚོ་བའི་རྣམ་པ་འདི་སྔོན་ཆད་ཟུར་ཙམ་ཡང་དྲན་མ་མྱོང་ཟེར།
དེ་མིན། ཁུལ་དང་རྫོང་གི་ཁ་གཏད་ལས་ཁུངས་ཀྱི་དབུལ་སྐྱོར་སྲིད་ཇུས་དང་ཐབས་ལམ་མཛུབ་ཁྲིད་ལ་བརྟེན་ནས། ཡུལ་ཚོ་རང་གི་སློབ་ལོ་རན་པའི་དབུལ་ཕོངས་མི་འབོར་དང་དབང་པོ་སྐྱོན་ཅན་གྱི་སློབ་ལོ་རན་པའི་བྱིས་པ་རྣམས་ཀྱིས་འོས་འགན་སློབ་གསོ་དང་ལེན་བྱེད་པར་འགན་སྲུང་བྱས་པ་དང་། སྨན་བཅོས་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཅུང་དམའ་བའི་གནད་དོན་ཐག་གཅོད་བྱས་པ་འདིས། འབྲོག་པ་རེས་རེས་ཚང་གིས་བྱིས་པ་རྣམས་སློབ་གྲྭར་སྐྱེལ་བར་དཀའ་ཁག་བྱུང་མྱོང་མེད། སྔོན་ཆད་ཆ་རྐྱེན་ཞན་པའི་ཁྱིམ་ཚང་འདིར་མཚོན་ན། བྱིས་པ་གཅིག་སློབ་གྲྭར་སྐྱེལ་བར་ཡང་ལོ་རེར་འགྲོ་སོང་སྒོར་4000ཡས་མས་མཁོ་བས་དཔལ་འབྱོར་གྱི་གནོན་ཤུགས་ཆེན་པོ་ཡོད། ཡིན་ཡང་། ཏང་གི་འོད་སྟོང་འཕྲོ་བའི་དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པར་བརྟེན་ནས། འབྲོག་པ་རེས་རེས་ཀྱིས་བྱིས་པ་བཞི་སློབ་གྲྭར་སྐྱེལ་ཡོད་པར་མ་ཟད། སྔོན་ཆད་ཁོ་སློབ་གྲྭར་འགྲོ་མ་ཐུབ་པར་འགྱོད་པ་སྐྱེས་ཞོར། ནམ་རྒྱུན་བྱིས་པ་རྣམས་ལ་དགེ་རྒན་གྱི་ཁ་བླངས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་ཁ་ཏ་དང་སྐུལ་ལྕག་བྱེད་བཞིན་ཡོད།
2021ལོར་འབྲོག་པ་རེས་རེས་དབུལ་ཐར་བྱས་ན་ཡང་། རྒྱུན་མཐུད་རོགས་སྐྱོར་གྱི་དམངས་ཕན་སྲིད་ཇུས་ད་དུང་ཡང་མེད་པར་ཁོ་ཚང་གིས་ལོངས་སུ་སྤྱོད་བཞིན་ཡོད། དབུལ་ཕོངས་ལས་ཐར་བ་དང་འཚོ་བ་ཡར་རྒྱས་སུ་སོང་སྟབས། ཁོས་རང་གི་འཚོ་བའི་ཆ་རྐྱེན་མུ་མཐུད་དུ་གོང་འཕེལ་གཏོང་བ་དང་ལྷན་དུ། ནུས་ཚོད་ཀྱིས་གཞན་ལ་ཡང་དཔལ་འབྱོར་ཐད་རོགས་རམ་དང་རང་གི་སྤྱི་ཚོགས་འབྲེལ་འདྲིས་ལ་བརྟེན་ནས་ཉེ་འཁོར་གྱི་སྡེ་མི་དང་གྲོགས་པོ། ཤ་ཉེ་རིང་ལ་ལས་ཀ་འཚོལ་བར་རོགས་རམ་བྱེད་བཞིན་ཡོད་པས། ས་གནས་ཡུལ་ཚོ་སྲིད་གཞུང་དང་ཁྱིམ་མཚེས་གཡས་གཡོན་གྱིས་ཀྱང་བསྟོད་པའི་མཐེ་བོང་བསྒྲེངས།
ད་ལོར། རྔ་བ་རྫོང་གིས་རྨ་ཆུ་སི་ཁྲོན་དུ་འབབ་སའི་སྐྱེ་ཁམས་རིག་གནས་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་པོར་སླེབས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ་དང་། 《རྔ་བ་རྫོང་གི་རྨ་ཆུ་སི་ཁྲོན་དུ་འབབ་སའི་རིག་གནས་སྐྱེ་ཁམས་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་འཆར་འགོད》ལ་གྲོས་འཆམ་བྱུང་བ་ནས་བཟུང་། ཆོས་རྗེ་མ་ཡུལ་ཚོས་སྔར་ལས་ལྷག་པར། དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་སྦྲགས་ཏེ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བཀོད་འདོམས་ལྟེ་གནས་དང་རྨ་ཆུའི་རིག་གནས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་ལྟེ་གནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས། དེ་མིན། ལྗོངས་སྐོར་གནས་ཡུལ་སོགས་འཛུགས་སྐྲུན་བྱེད་པ་སོགས་ཀྱིས། འབྲོག་པ་རེས་རེས་ཀྱིས་མཚོན་པའི་ས་གནས་མང་ཚོགས་སྔར་ལས་ལྷག་པའི་རང་གི་སྒོ་ཁར་ལས་ཀ་ལས་ནས་དཔལ་འབྱོར་ཡོང་འབབ་འཚོལ་བའི་གོ་སྐབས་ཆེན་པོ་ཐོབ་ཡོད་ལ། དབུལ་བྲལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བར་གོམ་སྟབས་གསར་བ་སྤོས་ཡོད་དོ།།