ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་དང་མཇལ་འཛོམས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-23


               སྤྱི་ཟླ་3པའི་ཚེས་17ཉིན། མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅི་ཤིན་ཀེ་དང་མཇལ་འཛོམས་གནང་ཞིང་། ཞི་ཅིན་ཕིང་གིས་ཅི་ཤིན་ཀེ་ནི་ཀྲུང་ཨའི་འབྲེལ་བ་གསར་འབྱེད་མཁན་དང་བདེན་དཔང་བ་ཞིག་ཡིན་པས་ལོ་བཅུ་གྲངས་རིང་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏང་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བསྔགས་བརྗོད་གནང་།

              ཞི་ཅིན་ཕིང་གིས། ན་ནིང་གི་ཟླ་11པར་ཕྲན་དང་སྲིད་འཛིན་ཨོ་པཱ་མ་པེ་ཅིང་དུ་ཐུག་འཕྲད་བྱུང་བར་མ་ཟད། མི་རིང་བའི་གོང་ང་ཚོའི་བར་སླར་ཡང་ཁ་པར་བཏང་ནས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་འཆར་བཀོད་བྱས་པ་ཡིན། ཀྲུང་ཨའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ། ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏང་འདོད་ཡོད། ལོ་འདིའི་ནང་ཕྲན་ཉིད་ཨ་རིར་རྒྱལ་དོན་འཚམས་འདྲི་ལ་བསྐྱོད་རྒྱུའི་འདུན་པ་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1