ཞི་ཅིན་ཕིང་གིས་2022ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-02


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2022ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་དང་། མཉམ་ལས་གཏིང་ཟབ་ཏུ། གསར་གཏོད་ལ་ཁྲིད་སྟོན་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་དེས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁྲོམ་རའི་འཇུག་འཐུས་ཚད་གཞི་རྒྱུན་ཆད་མེད་པར་ལྷུག་ཏུ་གཏོང་བ། རྒྱལ་མཚམས་སྒྲོལ་བའི་ཞབས་ཞུའི་ཚོང་དོན་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་ཀྱི་བྱེད་ནུས་རྒྱ་བསྐྱེད་གཏོང་བ་བཅས་བྱས་ཏེ་ཚད་གཞི་མཐོ་བའི་ཞབས་ཞུའི་ལས་རིགས་སྒོ་དབྱེའི་ལམ་ལུགས་མ་ལག་ཧུར་ཐག་བསྐྲུན་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་། ཀུན་ཕན་ཁོང་ཡངས་དང་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་སྒོ་དབྱེ་མཉམ་སྤྱོད་ཀྱི་ཞབས་ཞུའི་དཔལ་འབྱོར་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ཆེད་སྒུལ་ཤུགས་སྣོན་འདོད་ཡོད།

        2022ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་དེ་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་5ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། དེའི་བརྗོད་བྱ་གཙོ་བོ་ནི“ཞབས་ཞུ་མཉམ་ལས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བསུ”ཞེས་པ་དེ་ཡིན་པ་དང་། ཚོང་དོན་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1