ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-08


ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་གཙོ་སྐྱོང་གནང་ནས། 


 

འགག་རྩའི་ལྟེ་བའི་ལག་རྩལ་ལ་འགག་སྒྲོལ་བྱེད་པའི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ཁུངས་གྲོན་ཆུང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།

ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཞུགས་པ། 


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་གཙོ་སྐྱོང་གནང་ཞིང་། 《སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་འགག་རྩའི་ལྟེ་བའི་ལག་རྩལ་ལ་འགག་སྒྲོལ་བྱེད་པའི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》དང་། 《ཡོའན་ཧྲིའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ཐོན་ཁུངས་གྲོན་ཆུང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》 《གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་འདོན་པའི་ཚོད་ལྟའི་ལས་དོན་གཏིང་ཟབ་ཏུ་གཏོང་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དོན་ཆེན་སྒྲུབ་ཐུབ་པའི་མངོན་གསལ་དོད་པའི་ལེགས་ཆ་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་གལ་ཆེན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ། གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་འགག་སྒྲོལ་མ་ལག་ཅན་གྱི་ནུས་པ་ཆེས་ཆེར་གཏོང་བ། ཁྱབ་ཁོངས་གལ་ཆེན་འགའ་ཤས་སུ་འགྲན་རྩོད་ཀྱི་ལེགས་ཆ་ཆགས་པ་དང་འཐབ་ཇུས་ཀྱི་རང་འགུལ་ཐོབ་པ་བཅས་བྱེད་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཡོའན་ཧྲི་གདམ་གསེས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཡོའན་ཧྲིའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱས་ནས་ཡོའན་ཧྲིའི་མཚན་སྙན་གྱི་གཟི་བརྗིད་མཚན་སྙན་རང་བཞིན་དང་རིག་གཞུང་རང་བཞིན་སྔར་བས་མངོན་པར་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱིས་ལག་བསྟར་བྱས་ཏེ་ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་བསྡོམས་འབོར་དོ་དམ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག ཕྱོགས་ཡོངས་ནས་གྲོན་ཆུང་། འཁོར་སྐྱོད་བེད་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་དང་། ཆུ། འབྲུ་རིགས། ས་ཞིང་། གཏེར་ཐོན། མ་བཅོས་རྒྱུ་ཆ་སོགས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཐོན་ཁུངས་བེད་སྤྱོད་གཏོང་སྟངས་རྩ་བའི་ཆ་ནས་འགྱུར་ལྡོག་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཁྲོམ་རར་འདོན་པའི་ཚོད་ལྟའི་ལས་དོན་གཏིང་ཟབ་སྤེལ་ནས་ཆ་རྐྱེན་ནན་པོ་དང་གོ་རིམ་ཚད་ལྡན་ཡོང་བ་བྱས་ཏེ་སྒྱུར་བཅོས་ཁྲོད་ཀྱི་གཏིང་ཟབ་པའི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་དགོས། གྲོང་གསེབ་ཀྱི་ཁྱད་ཆོས་དང་འཚམ་པ་དང་སྤུས་ཀ་དག་ལ་ཕན་འབྲས་ཆེ་བའི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ཚོར་ཐག་ཉེ་སར་དེ་བས་དྲང་གཞག་ཐུབ་པ་དང་རྒྱུན་མཐུད་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་ཐུབ་པ་བྱེད་དགོས།

        ཚོགས་འདུའི་ཐོག་བསྟན་དོན། ཐོན་ཁུངས་གྲོན་ཆུང་བྱ་རྒྱུ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཤིག་དང་རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་སྲུང་སྐྱོང་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བའི་ལས་འགན་གལ་ཆེན་ཞིག་རེད། ནུས་རྒྱུ་དང་། བཟོ་ལས། ཨར་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ཁུངས་གྲོན་ཆུང་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་གྱིས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་ཟབ་ཏུ་བཏང་སྟེ་སྟབས་བདེ་ཚད་རན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་དང་འཛད་སྤྱོད་ཐལ་དྲགས་པར་ངོ་རྒོལ་བྱས་ནས་དམངས་ཡོངས་ཀྱིས་གྲོན་ཆུང་ལ་བརྩི་མཐོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་ཧུར་ཐག་བྱེད་དགོས།

        ཚོགས་འདུའི་ཐོག་ནན་བཤད་གནང་དོན། གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་འདོན་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་པའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཕྱོགས་ཁག་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལེགས་སྒྲིག་གལ་ཆེན་བྱེད་པར་ངེས་པར་དུ་གཟབ་ནན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། ཚོད་ལྟའི་རྫོང(གྲོང་ཁྱེར་དང་ཆུས)གི་གྲངས་འབོར་ཚོད་འཛིན་འོས་འཚམ་བྱེད་དགོས། ས་ཆ་དང་། དབང་ཆ། འགན་འཁྲི་བཅས་གཅིག་མཚུངས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་དང་མཐུན་པ་དང་། ཁྲིམས་ལྟར་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་དང་གཞུང་ཁོངས་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་གཅིག་མཚུངས་ངང་ཁྲོམ་རར་འདོན་པ་དང་དབང་ཆ་དང་རིན་གོང་གཅིག་མཚུངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁྲོམ་རར་ཉོ་ཚོང་བྱེད་པར་སྒྲིག་སྲོལ་གཅིག་མཚུངས་སྤྱོད་རྒྱུ་དང་ཁྲོམ་རའི་ལྟ་འདོམས་དང་ལེན་བྱེད་དགོས། ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་བྱ་རྒྱུ་མཐའ་འཁྱོངས་དང་སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱོད་སྒོ་ཁག་གི་ས་ཆ་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། ས་ཞིང་གི་སྤྱི་དབང་ལམ་ལུགས་ཀྱི་ངོ་བོ་བརྟན་པོ་སྲུང་རྒྱུ་འགྱུར་ལྡོག་མི་གཏོང་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་བྱས་ནས་གཏན་གནས་ཀྱི་གཞི་རྩའི་ཞིང་ཁ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་སོགས་བར་མཐོངས་དོ་དམ་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1