ཞི་ཅིན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་ གཞིའི”དགེ་འོས་སློབ་མར་འཕྲིན་ལན་སྤྲིངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-10


ཞི་ཅིན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་ གཞིའི”དགེ་འོས་སློབ་མར་འཕྲིན་ལན་སྤྲིངས་ནས། 

ཁོང་ཚོ་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་དེ་ཏང་དང་མི་དམངས་བློ་ཡིད་ཚིམ་པའི“ཡོད་པ་བཞིའི”དགེ་རྒན་ཡག་པོ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱ་རྒྱུའི་སྐུལ་ལྕག་གནང་བ། 

རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ལ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ། 


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་རེ་བ་ཆེན་པོ་བཅོལ་གནང་བ་མ་ཟད། པེ་ཅིང་དགེ་འོས་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས་སོ་བརྒྱད་པ་འཆར་ཉེའི་མཚམས་སུ། སློབ་གྲྭ་དེའི་དགེ་རྒན་དང་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པའི་གྲོགས་པོར་རྟེན་འབྲེལ་དང་འཚམས་འདྲི་ཞུས་གནང་བ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ལ་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་གནང་བ་རེད།


        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། སློབ་གྲྭར་ཞུགས་ནས་ལོ་གཅིག་སོང་རིང་ཁྱེད་ཚོས་སློབ་ཁྲིད་སློབ་སྦྱོང་དང་སློབ་སྐྱོར་ལག་ལེན་བརྒྱུད། ཤེས་བྱའི་བྱང་ཚད་མཐོ་རུ་དང་མིག་རྒྱང་ཡངས་སུ་ཕྱིན་ནས། གཞི་རིམ་དུ་སློབ་ཁྲིད་མི་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པས་ང་རང་ཁྱེད་ཚོར་སྤོབས་པ་སྐྱེ་གི་འདུག་ལ་བློ་ཡང་བདེ་པོ་འདུག་ཅེས་གསུངས་པ་རེད།


        ཞི་ཅིན་ཕིང་གིས། རང་རྒྱལ་གྱི་དེང་རབས་དགེ་འོས་སློབ་གསོའི་མཐོ་རིམ་སློབ་གྲྭ་འཛུགས་སྔ་ཤོས་ཤིག་ཡིན་པའི་པེ་ཅིང་དགེ་འོས་སློབ་ཆེན་གྱིས། རྒྱལ་ཁབ་ལ་ཕུལ་བྱུང་གི་དགེ་རྒན་ཁག་དང་ཁག་གསོ་སྐྱོང་བྱས་ཡོད། ཁྱེད་ཚོས“བྱང་ཚད་མཐོ་པོས་སློབ་མར་སློབ་ཁྲིད་བྱེད། གཟུགས་བརྙན་བཟང་པོས་སློབ་མར་མིག་དཔེ་སྟོན”ཞེས་པའི་སློབ་གྲྭའི་བསླབ་བྱའི་ཚད་གཞི་མུ་མཐུད་མཐའ་འཁྱོངས་བྱས་ནས་དུས་ཚོད་ལ་གཅེས་སྤྲས་དང་། སློབ་སྦྱོང་ལ་འབད་བརྩོན་ཧུར་ཐག་བྱེད་པ། གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ། གནད་ལུགས་བརྒྱུད་ཁྲིད་དང་། ཤེས་བྱ་སློབ་ཁྲིད། དོགས་གནད་སེལ་བ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། སློབ་གྲྭ་ཐོན་རྗེས་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བསྐྱོད་པ། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི“ཡོད་པ་བཞིའི”དགེ་རྒན་ཡག་པོ་ཞིག་ཏུ་ཧུར་ཐག་འགྱུར་བ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ངལ་རྩོལ། མཛེས་རིག་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་མཁན་ཞིག་གསོ་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་གནང་བ་རེད།


        2021ལོ་ནས་བཟུང་། རྒྱལ་ཁབ་ཀྱིས“དབུས་ནུབ་རྒྱུད་ཀྱི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་གནས་གཏན་འཁེལ་གྱི་གསོ་སྦྱོང་འཆར་གཞི”(མིང་ལ“ཕུལ་བྱུང་དགེ་རྒན་གྱི་འཆར་གཞི”ཞེས་བསྡུ་རྒྱུ)སྤྱོད་འགོ་ཚུགས་ནས། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་དང་ས་གནས་དགེ་འོས་སློབ་གྲྭས་གནས་གཏན་འཁེལ་གྱི་བྱེད་སྟངས་བརྒྱུད། ལོ་ལྟར་དབུལ་སྒྲོལ་རྫོང་832དང་དབུས་ནུབ་རྒྱུད་ཀྱི་སྐམ་སའི་མཐའ་མཚམས་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭར་དགེ་འོས་སློབ་མ་ཁྲི་1ཡས་མས་གསོ་སྐྱོང་བྱས་ཤིང་། ཉེ་དུས་པེ་ཅིང་དགེ་འོས་སློབ་ཆེན་གྱི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”དགེ་འོས་སློབ་མའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་གྲྭར་བསྐྱོད་པ་ནས་བཟུང་གི་སློབ་སྦྱོང་གི་གྲུབ་འབྲས་སྙན་སེང་ཞུས་ཏེ་སློབ་གྲྭ་ཐོན་རྗེས་གཞི་རིམ་དུ་སློབ་ཁྲིད་མི་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1