ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རྒྱལ་བོ་ཁྲིར་འཁོད་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་ལོན་ཏོན་དུ་ཡོད་པའི་ཧྲིན་ཀྲན་མུའུ་སི་ཕོ་བྲང་ནས་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དབྱིན་ཇིའི་རྒྱལ་བོར་གྱུར་བ་དངོས་སུ་ཁྱབ་བསྒྲགས་བྱས།
ཚེས་བཅུ་ཉིན་གྱི་སྔ་དྲོའི་མཛད་སྒོའི་སྟེང་། རྒྱལ་བོ་ཁྲིར་འཁོད་ཨུ་ཡོན་ལྷན་ཁང་གིས་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པ་སྐུ་གཤེགས་པའི་གནས་ཚུལ་དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་རྒྱལ་བོར་གྱུར་བ་ཁྱབ་བསྒྲགས་བྱས། རྒྱལ་བོ་ཁྲིར་འཁོད་ཨུ་ཡོན་ལྷན་ཁང་དེ་རྒྱལ་བོ་ཚང་གི་ཁོངས་མི་དང་། སྲིད་གཞུང་གི་དཔོན་རིགས། ཆོས་དཔོན་སོགས་ཀྱིས་གྲུབ་ཡོད།
ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་ད་ལོར་ལོ་དོན་གསུམ་ཡིན་པ་དང་། ཁོས་ཉིན་དེར་མཛད་སྒོའི་སྟེང་བཤད་རྒྱུར། དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པས་ཁོར་མིག་དཔེ་བསྟན་ཡོད་པ་དང་། ཁོས་རང་ཉིད་ཀྱིས་རྔམ་མཐུག་པའི་ཤུལ་བཞག་འདི་རྒྱུན་འཛིན་བྱས་ན་ལས་འགན་ཧ་ཅང་ལྗིད་པ་གསལ་བོར་ཤེས་ཡོད་ཟེར།
དབྱིན་ཇིའི་རྒྱལ་བོ་ཚང་གི་སྲོལ་རྒྱུན་ལྟར་ན། མ་འོངས་པར་རྒྱལ་བོར་དབུ་ཞྭ་བསྣབས་པའི་མཛད་སྒོ་སྤེལ་དགོས་ཀྱང་། བྱེ་བྲག་གི་དུས་ཚོད་ད་རུང་ཁྱབ་བསྒྲགས་བྱས་མེད།
དབྱིན་ཇི་ནི་རྒྱལ་བོའི་ཁྲིམས་འཛུགས་ལམ་ལུགས་ཀྱི་རྒྱལ་ཁབ་ཡིན་པ་དང་། རྒྱལ་བོ་ནི་རྒྱལ་ཁབ་ཀྱི་མགོ་གཙོ་རེད། ཁྲ་ཨར་སི་སྐུ་ཕྲེང་གསུམ་པ་དབྱིན་ཇིའི་རྒྱལ་བོར་གྱུར་རྗེས། དེའི་བུ་ཆེ་བ་ཝེ་ལེན་རྒྱལ་རྒྱུད་སྐུ་སྲས་སུ་གྱུར་བ་རེད། །