ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-12



ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 


    ● སྤྱོད་ཚུལ་འཛུགས་སྐྱོང་ལ་མུ་མཐུད་དམ་འཛིན་བྱེད་པ་ལས་ཚར་དུས་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཡུན་རིང་མཐའ་འཁྱོངས་བྱེད་དགོས། དུས་བབ་གསར་པའི་འོག“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ཆོས་ཉིད་ཀྱི་ཁྱད་ཆོས་དང་ལས་ཀའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། དུས་བསྟུན་འཕེལ་རྒྱས་དང་ཡང་འབད་བསྐྱར་འབད་བྱས་ཏེ་རྒྱུན་གཏན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གོམས་གཤིས་འཇགས་པ་དང་། ཕན་འབྲས་ཐོན་པ། གོམས་སྲོལ་དུ་འགྱུར་བ་བཅས་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་བྱེད་པའི་ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་དེ་བས་ལེགས་པའི་ངང་ཐོན་ཐུབ་པ་བྱེད་དགོས།


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་བསྡུར་བྱས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་རྒྱུའི་སྙན་སྒྲོན་མ་ཟིན་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》གི་མ་ཟིན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཕུལ་རྒྱུའི་ལས་དོན་སྙན་སྒྲོན་གྱི་མ་ཟིན་བཅས་ལ་ཞིབ་འཇུག་དང་རེ་འདུན་ཞུས་པ་དང་། 《སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ》དང《ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་ཞུ》གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།


         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་བསྐྱོད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། དེས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔའི་འཛམ་གླིང་དང་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོར་ཚན་རིག་དང་མཐུན་པའི་ངང་ཞིབ་ལྟ་བྱེད་པ་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་ཉམས་མྱོང་གསར་པ་ཕྱོགས་སྡོམ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཆ་རྐྱེན་ལ་གཞིགས་ནས། རང་རྒྱལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ང་ཚོའི་འབད་འཐབ་དམིགས་ཚད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཆར་འགོད་དང་བཀོད་སྒྲིག་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཡང་འབད་བསྐྱར་འབད་དང་། སྙིང་རུས་ཆེན་པོས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།


         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན་པ་དང་། ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་གཞི་རྩའི་རང་བཞིན་གྱི་ཚད་ལྡན་དང་མཛུབ་ཁྲིད་ཀྱི་ནུས་པ་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་དེས་ཏང་ཡོངས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་ལ་ཕན་པ་ལྡན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་དེ་བས་ལེགས་པའི་སྒོ་ནས་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གཏན་འཁེལ་བྱེད་པའི་རིགས་པའི་གཞུང་ལུགས་གལ་ཆེན་གྱི་ལྟ་བ་དང་འཐབ་ཇུས་དགོངས་པ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་བཀོད་ནས་ཏང་གི་སྒྲིག་ཡིག་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མངོན་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་གང་ལེགས་མངོན་པར་བྱེད་པ་མ་ཟད། དུས་བབ་གསར་པའི་འོག་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བླང་བྱ་གསར་པ་ཁ་གསལ་འདོན་རྒྱུ་དང་རླབས་ཆེན་གྱི་རང་ངོས་གསར་བརྗེས་དེ་བས་ལེགས་པའི་སྒོ་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།

        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཕུལ་བའི་ལས་དོན་སྙན་སྒྲོན་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་འགན་ལེན་ལག་བསྟར་གྱི་ནུས་པ་འདོན་སྤེལ་བྱས་པ་དང་འཕེལ་རྒྱས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དང་། ལས་ཀའི་ཕན་འབྲས། ངོས་འཛིན་མྱོང་རོལ་བཅས་ལ་སྐུལ་འདེད་བཏང་བ་གང་ལེགས་མངོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཚོགས་འདུའི་ཐོག 2022ལོའི་ཟླ་10ཚེས་7ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོག་རྒྱུའི་མོས་མཐུན་བྱས་པ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱུན་སྲིང་ལྷོད་མེད་དང་སྤྱོད་བཟང་སྒྲིག་ནན་གྱིས་བཀོད་སྒྲིག་གསར་པ་གནང་བ་དང་བླང་བྱ་གསར་པ་བཏོན་གནང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ལྷོད་གཡེང་མི་གཏོང་བ་དང་། གོམ་པ་སྤོ་མཚམས་མི་འཇོག་པ། སླར་ཡང་རྡོག་ཐོན་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ཡོད། རྒྱུན་སྲིང་ལྷོད་མེད་ཀྱིས་འབད་འཐབ་བྱས་པ་བརྒྱུད་ཡུན་རིང་ཐག་གཅོད་མི་ཐུབ་པའི་ཚུལ་མིན་སྤྱོད་ངན་འགའ་ཞིག་བཀག་སྡོམ་བྱས་པ་དང་ཡུན་རིང་ཐག་གཅོད་མི་ཐུབ་པའི་གནད་དོན་འགའ་ཞིག་ཐག་གཅོད་ཐུབ་སྟེ་ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་ཡོད།

        ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་སྐུ་ངོ་མས་སྐུལ་འདེད་བཏང་གནང་བའི་འོག ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྤྱི་འདོམས་ཇུས་འགོད་དང་གཞི་གཅིག་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་ལ་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་ཡོ་བསྲང་དང་བཅོས་སྒྲིག་བྱ་རྒྱུར་སྐུལ་ལྕག་དང་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་དགོས་མེད་ཀྱི་ཁུར་པོ་ཡང་དུ་བཏང་ཡོད། ཏང་ནང་ཁུལ་དུ་གནས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་ཚད་གཞི་ངེས་ཅན་ཞིག་གི་བཀག་སྡོམ་དང་བཅོས་སྒྲིག་བྱས་པས། གཞི་རིམ་ཏང་ཡོན་ལས་བྱེད་པར་དུས་ཚོད་དང་སེམས་ནུས་དེ་བས་མང་བ་བྱུང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱས་ཡོད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་རྒྱུན་རྣམ་ཅན་གྱི་ལས་དོན་དུ་གྱུར་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་གྱུར་ཡོད།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་མུས་ཡིན་པ་ལས་ཚར་དུས་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཡུན་རིང་མཐའ་འཁྱོངས་བྱེད་དགོས། དུས་བབ་གསར་པའི་འོག“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ཆོས་ཉིད་ཀྱི་ཁྱད་ཆོས་དང་ལས་ཀའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ནས། དུས་བསྟུན་འཕེལ་རྒྱས་དང་ཡང་འབད་བསྐྱར་འབད་བྱས་ཏེ་རྒྱུན་གཏན་དང་ཡུན་རིང་དང་། ནན་པོ་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཚགས་བཅས་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གོམས་གཤིས་འཇགས་པ་དང་། ཕན་འབྲས་ཐོན་པ། གོམས་སྲོལ་དུ་འགྱུར་བ་བཅས་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་བྱེད་པའི་ལས་ཀའི་མཉམ་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་ཁུར་པོ་ཡང་གཏོང་གི་ཕན་འབྲས་དེ་བས་ལེགས་པའི་ངང་ཐོན་ཐུབ་པ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1