ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་སྨྱན་སྦྱོར་ཐོག་མཚན་བཀོད་གསུང་རྩོམ་སྤེལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 09-15




ཀྲུང་ཧའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཁྲོད་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། 

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་9ཚེས་13ཉིན། ཙུང་ཐུང་ཐོ་ཁ་ཡེ་ཕུའུ་ཡི་གདན་ཞུས་ལྟར་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མ་གནང་གོང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཧ་སག་སི་ཐན་གྱི་བདེན་དོན་ཚགས་པར》ཐོག་འགོ་བརྗོད་དུ《ཀྲུང་ཧའི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཁྲོད་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་མཚན་བཀོད་གསུང་རྩོམ་སྤེལ་གནང་བ་རེད། གསུང་རྩོམ་གྱི་ནང་དོན་གནད་བསྡུས་གཤམ་གསལ་ཏེ།

        མཛེས་སྡུག་ལྡན་པའི་འབྲས་ལྡན་དུས་འདིར། ཙུང་ཐུང་ཐོ་ཁ་ཡེ་ཕུའུ་ཡི་གདན་ཞུས་ལྟར་ངས་མཛའ་མཐུན་ལྡན་པའི་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་བྱེད་གྲབས་ཡོད། ད་ཐེངས་ནི་ལོ་5སོང་རྗེས་ངས་སླར་ཡང་ཧ་སག་སི་ཐན་ལ་འཚམས་འདྲི་བྱེད་པ་ཞིག་ཡིན་ལ། མཛེས་སྡུག་ལྡན་པའི་ས་གཞི་དེར་བསྐྱོད་ཐེངས་བཞི་པའང་ཡིན། ཧ་སག་སི་ཐན་དུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། བརྗིད་ཆགས་ཡིད་དུ་འོང་བའི་རི་ཀླུང་། སེམས་རྩ་འཁོལ་བའི་མི་དམངས་བཅས་ཡོད་པས་ངས་ད་ཐེངས་ཀྱི་འཚམས་འདྲིར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

        ཀྲུང་གོ་དང་ཧ་སག་སི་ཐན་ནི་རི་ཆུ་མཉམ་འབྲེལ་དང་གཅིག་ལ་གཅིག་བརྟེན་གྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ལོ་ངོ་སྟོང་ཕྲག་ལྡན་པའི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ཡོད་ལ། གནའ་བོའི་དར་གོས་ལམ་བུས་ཤར་ནུབ་སྦྲེལ་མཐུད་བྱས་པའི་བརྗིད་ཆེའི་སྙན་ངག་གི་ལེའུ་ཡང་མཉམ་དུ་བརྩམས་ཡོད། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྐྱེས་བུ་དམ་པ་ཞོན་ཙང་དང་མིང་རྒྱལ་རབས་ཀྱི་ཕྱི་འབྲེལ་མཁས་ཅན་ཁྲེན་ཁྲེང་སོགས་དེ་སྔ་ཧ་སག་སི་ཐན་དུ་ཕེབས་མྱོང་ཡོད།“ཤར་ཕྱོགས་ཀྱི་ཡ་ལི་ཧྲི་ཏུའོ་ཏེ”ཞེས་འབོད་པའི་ཨ་ལི•ཧྥ་ལཱ་པེ་དང“སྙན་ངག་མཁས་ཅན”ཞེས་འབོད་པའི་ཨ་པའེ་•ཁུའུ་ནན་པཱ་ཡེ་ཕུའུ་སོགས་ཧ་སག་སི་ཐན་གྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་མི་སྣ་ཡང་ཀྲུང་གོའི་སྐྱེ་བོ་ཀུན་གྱིས་ངོ་ཤེས་ཀྱི་ཡོད། ཁོང་ཚོའི་གཏམ་རྒྱུད་ཀྱང་ད་བར་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཡོད།

        འདི་ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བའི་ལོ་ཞིག་རེད། ལོ་སུམ་ཅུའི་རིང་བདེ་སྡུག་མཉམ་མྱོང་དང་ལོ་སུམ་ཅུའི་རིང་དཔུང་པ་མཉམ་གཤིབ་བྱས་ཡོད། རྒྱལ་ཁབ་གཉིས་པོའི་དབར་འགྲོ་འོང་ཉིན་བཞིན་ཇེ་ཟབ་ཏུ་སོང་བ་དང་རྒྱུན་ཆད་མེད་པར་མཉམ་ལས་བྱས་ནས་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མཉམ་དུ་བསྐྱོད་ཡོད།

        ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་གྲབས་ཡོད་པ་དང་ཚོགས་འདུ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་ལམ་གསར་པར་སླེབས་པའི་དུས་སྐབས་གལ་ཆེན་ཞིག་ཏུ་སྐོང་ཚོགས་བྱས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན། ང་ཚོས“ཧ་སག་སི་ཐན་གསར་པ”འཛུགས་སྐྲུན་ཁྱོན་ཡོངས་འགོ་ཚུགས་པ་དང་ཧ་སག་སི་ཐན“འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཨང་30པའི”ཕྱོགས་སུ་སྐྱོད་བཞིན་པ་དགའ་བས་མཐོང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མུ་མཐུད་ལོངས་སྤྱོད་དང་འཕེལ་རྒྱས་ཀྱི་ཉམས་མྱོང་ཕན་ཚུན་དཔྱད་གཞིར་འཛིན་ཏེ་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་དང་མཛའ་མཐུན་མཉམ་ལས་ཀྱི་སྒོ་མོ་དུས་ནམ་ཡང་ཧ་སག་སི་ཐན་ཕྱོགས་ལ་འབྱེད་འདོད་ཡོད།

        ཧ་སག་སི་ཐན་ལ“མཛའ་གྲོགས་ནི་ནམ་ཡང་རྫོགས་མཐའ་མེད་པའི་རྒྱུ་ནོར་རེད”ཅེས་པའི་གཏམ་དཔེ་ཞིག་ཡོད། ཕྱོགས་གཉིས་པོས་ཁྱིམ་མཚེས་དབར་མཛའ་མཐུན་ཡོང་བའི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་གཉིས་ཁེ་མཉམ་ལས་གཏིང་ཟབ་བྱས་ཚེ། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་འོད་སྟོང་འཕྲོ་བའི་ལོ་སུམ་ཅུ་བསུ་ཐུབ་ངེས་ཡིན་པ་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1