སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-15



      ཟླ་9པའི་ཚེས་13ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་གིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་བརྒྱ་དང་བཅུ་པར་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“9·5”ལྕགས་ཟམ་རྫོང་གི་ས་འགུལ་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དང་། ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་དང་ལག་ལེན་ནན་མོ་བྱས་ནས། ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་སྐོར་གྱི་ལས་ཀར་ཞིབ་འཇུག་བཀོད་སྒྲིག་དང་། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཡིག་ཆ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 

     གྲོས་ཚོགས་ཐོག ། “9·5”ལྕགས་ཟམ་ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོ་སྣང་དང་ཐུགས་ཁུར་ཆེན་པོ་གནང་ཞིང་། ཞིང་ཆེན་ཏང་ཨུ་ཡིས་འགོ་ཁྲིད་བརྟན་པོ་དང་བཀོད་འདོམས་ནུས་ལྡན་བྱས་ནས། མཁོ་བསྟུན་མྱུར་སྐྱོབ་དུས་ཐོག་ཏུ་ལག་ལེན་དང་། གོ་རིམ་དང་ནུས་ཕྱོད་ལྡན་པའི་ངང་ཕྱོགས་སོ་སོས་བཀའ་ལྟར་ལག་ལེན་དུ་བསྟར་ནས་རོགས་སྐྱོར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བློ་རྩེ་གཅིག་བསྒྲིམས་དང་རྡོག་རྩ་གཅིག་བསྒྲིལ་གྱིས་ཉིན་མཚན་དབྱེར་མེད་དུ་དུས་ཚོད་དམ་འཛིན་བྱས་ནས་གནོད་སེལ་རྒུད་སྐྱོབ་ལ་འབད་པ་བྱས་པ་རེད། ད་ལྟར་གནོད་སེལ་རྒུད་སྐྱོབ་ཀྱི་དུས་རིམ་རང་བཞིན་གྱི་ལས་འགན་ཕལ་ཆེར་གྲུབ་ཡོད། ཉེ་ལམ་ཞིང་ཆེན་ཏང་ཨུས་གནོད་རྗེས་བསྐྱར་འཛུགས་ལས་ཀར་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། དཀར་མཛེས་ཁུལ་དང་གཡག་རྔ་གྲོང་ཁྱེར། འབྲེལ་ཡོད་སྡེ་ཁག་སོ་སོས་སྔོན་ནས་འཆར་འགོད་བྱས་ནས་རྨང་གཞིའི་ལས་ཀ་ལེགས་པོར་འཁྱོངས་དགོས། མི་དམངས་གཙིགས་སུ་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། མུ་མཐུད་དུ་རོགས་སྐྱོར་སྨན་བཅོས་ལ་ཤུགས་སྣོན། བར་བརྒལ་བདེ་འགོད་ལས་ཀར་དམ་འཛིན་བྱས་ནས། ཞོར་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ལ་ཤུགས་སྣོན། རིམས་འགོག་ལས་ཀ་བརྟན་སྲུང་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་བརྟན་བརླིང་ལ་འགན་སྲུང་བྱ་དགོས། གནོད་རྗེས་བསྐྱར་འཛུགས་ཀྱི་འཆར་འགོད་དང་སྒྲིག་གཞི་རྩ་འཛུགས་ཇེ་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས་ནས། ཐོག་མཐའ་བར་གསུམ་དུ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་དང་དྲིལ་བསྒྲགས་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་ནས། གནོད་ཁུལ་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རོགས་བྱེད་དགོས་ཞེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1