ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་གསར་འགྱུར་ཁང་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-27



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གསར་འགྱུར་ཁང་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གོ་གསར་འགྱུར་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ངང་རྟེན་འབྲེལ་ཞུས་གནང་བ་རེད།

     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་70ཡི་རིང་ཀྲུང་གོ་གསར་འགྱུར་ཁང་གིས་རྒྱལ་གཅེས་རིང་ལུགས་ཀྱི་འཕྲིན་སྤེལ་བྱེད་ཕྱོགས་མཐའ་འཁྱོངས་དང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱ་ཆེད། དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས་ཀྲུང་གོ་གསར་འགྱུར་ཁང་གིས་གསར་འགྱུར་ཁང་བཙུགས་ནས་ལོ་ངོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ། རྒྱལ་སྤྱིའི་བརྒྱུད་སྤེལ་སྐད་ཆའི་མ་ལག་གསར་གཏོད་བྱེད་པ་དང་། མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་ཆེ་རུ་གཏོང་བ། འཕྲིན་སྤེལ་གྱི་མཉམ་འདྲེས་ནུས་པ་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཡིག་སྨྱན་སྦྱོར་དང་འབྲེལ་བ་ཧུར་ཐག་བཅས་བྱས་ནས་ཡིད་རྟོན་རུང་བ་དང་། གཅེས་པར་འོས་པ། གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་རྣམ་པ་མངོན་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་དབར་གྱི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ། ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

     ཚེས་23ཉིན་གྱི་སྔ་དྲོར། ཀྲུང་གོ་གསར་འགྱུར་ཁང་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་འཕྲིན་སྤེལ་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། ཀྲུང་གོ་གསར་འགྱུར་ཁང་གི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླ་དང་། ཕྱིར་སྡོད་སྤུན་ཟླ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ། ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོ་མཛའ་གྲོགས་སུ་འཛིན་མཁན་ཕྱི་རྒྱལ་གྱི“གྲོགས་ཚོམས”ཀྱི་རྒྱ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཞེས་གསུངས་པ་རེད།

     ཚོགས་འདུའི་ཐོག་ཀྲུང་གོ་གསར་འགྱུར་ཁང་གི་འགན་འཁུར་བ་དང་། བློ་མཐུན་རྒན་གྲས། གཞོན་ནུ་ལས་བཟོའི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད།

     ཀྲུང་གོ་གསར་འགྱུར་ཁང་ནི་ཀྲུང་གོའི་གསར་འགྱུར་ལས་རིགས་དང་ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་མི་སྣ་གྲགས་ཅན་རྣམ་པས་གྲོས་འགོ་བཏོན་ནས་1952ལོའི་ཟླ་10ཚེས་1ཉིན་དངོས་སུ་བཙུགས་པ་རེད། མིག་སྔར་གསར་འགྱུར་ཁང་དེར་རྒྱལ་ཁབ་ཕྱི་ནང་གི་ཡན་ལག་གསར་འགྱུར་ཁང་52ཡོད་པ་དང་། ཆུ་ཚོད་24ཡི་རིང་རྒྱུན་ཆད་མེད་པའི་ཆ་འཕྲིན་ཡོངས་བསྒྲགས་མ་ལག་བཙུགས་ནས་ཕྱི་རྒྱལ་གྱི་རྒྱ་ཡིག་སྨྱན་སྦྱོར་མང་ཆེ་བར་ཁྱབ་སྤྱོད་ཐུབ་པའི་དྲ་རྒྱ་ཞིག་ཏུ་གྱུར་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1