༄༅།། ལྗོན་རིད་རྩ་བ་མ་ཞེས་བྱ་བ།

སྐྱབས་ཆེན་བདེ་གྲོལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-27




 ལྗོན་པ་རིད་པོའི་རྩ་བར་འོ་མ་སྐྱོགས་གང་བླུགས། །

 འོ་མའི་མངར་ཁར་འགྲོགས་ཏེ་ཁྱོད་ཀྱི་སེམས་ནང་ཞུགས། །

 ལྗོན་པ་ཡལ་འདབ་རྒྱས་ཏེ་རྩེ་མོ་འཆི་བར་འཕྲད། །

 འཆི་བདག་གདོང་ཞལ་བརྗེད་ཕྱིར་བར་དབྲག་ཡོལ་བས་བཅད། །

 བྱ་སྤུ་གཅིག་གིས་སྒུལ་སྒུལ་བྱས་པས་ཀྱང་། །

 ང་ཡི་མི་ཚེ་མཚོ་ནང་ཁང་པ་བཞིན་དུ་མཁའ་ལ་འཕྱོ། །

 ངུ་སྐད་གཅིག་གིས་ལན་འགར་གཙགས་པས་ཀྱང་། །

 ང་ཡི་མི་ཚེ་སྨིག་རྒྱུའི་གཙང་པོ་བཞིན་དུ་ཡོམ་ཡོམ་གཡོ། །

 མགོ་གཅིག་གདོང་པ་གཉིས་ཀྱིས་ཁེབས་པའི་འཇིག་རྟེན་པ། །

 གོམ་སྟབས་གྱ་གྱུས་རང་ལ་འཆིང་ཐག་སླེ་བའི་འགྲུལ་བཞུད་པ། །

 ཇི་ལྟར་སོང་ཡང་འདོད་པས་དེ་ལྟར་གཟིར་བའི་ནད་རོ་མ། །

 ང་ལ་འཐམས་ཤིང་གཞན་ཡང་གཏོང་བར་མི་བྱེད་ཆོ་འཕྲུལ་མ། །

 སེམས་ནང་དགོན་པ་མེད་ན་དགོན་པར་མཇལ་བ་ཐན། །

 མུན་པ་རྒྱ་ཡན་གཏོང་ན་འོད་རྗེས་འདེད་པ་ཐན། །

 ཐན་ལྟས་གྲོགས་སུ་ཁྱེར་ནས་རྫིག་རྫིག་འགྱིང་བ་ང་། །

 སྡིག་པའི་ཞྭ་མོ་གྱོན་ཏེ་ཀྲོག་ཀྲོག་འགྲོ་བ་ང་། །

 སྒོ་རའི་ནང་ལ་ཁ་བ་དཀར་ནག་རེས་སུ་འབབ། །

 སེམས་ཀྱི་ནང་ལ་གསེར་དང་ས་རྡུལ་མཉམ་དུ་སྤུངས།

 འཇིགས་རུང་སྒོ་མོ་སྔར་ནས་བརྒྱབ་པ་གཏན་དུ་བརྒྱབ། །

 དཀྱིལ་འཁོར་དབུས་ལ་བདུད་ཀྱི་ཁྱེའུ་གསར་དུ་འཁྲུངས། །

 འཇིག་རྟེན་བྱེད་པོའི་ལག་པའི་ནང་། །

 ཕྱིན་ཅི་ལོག་པའི་གནས་ལུགས་མང་། །

 འགས་གཏོར་ཆེན་པོ་བྱུང་བའི་མཐུས། །

 ཆོས་ཉིད་གསར་པའི་མྱུ་གུ་འབུས། །

 དེ་ཕྱིར་ཁྱོད་དང་ངའམ་ཁོ་སོགས་ཅི་ཡང་མིན། །

 ལག་ནང་བདེན་པ་དག་ཀྱང་གཞན་ལ་དགོས་ན་སྦྱིན། །

 དོན་དམ་སྟོང་པ་ཉིད་ཀྱི་ཉེ་སར་སླེབས་པ་དང་། །

 ཚེ་གཅིག་བཙལ་བའི་དོན་རྣམས་སོ་སོའི་དབྱིངས་སུ་དེངས། །

 2020/11/12རྨ་ཆུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1