ཉེ་ཆར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག《སྐབས་21པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལས་ཐོག་འཇོན་ཐང་ཅན་ལ་མིང་བཏགས་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》དཔར་འགྲེམ་བྱས་ཡོད་པ་དང་། དེའི་ཁྲོད། ཀྲུང་གོའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་“རྒྱལ་ཡོངས་ཀྱི་གཞོན་ནུ་ལས་ཐོག་འཇོན་ཐང་ཅན་གྱི་དཔེ་དམག”གི་མཚན་སྙན་ཐོབ་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ནི་ཀྲུང་གོའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་ལུས་རྩལ་པ་རྙིང་པ་ཞིག་ཡིན། ཁོང་གིས་2012ལོའི་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཐོག་ཆུ་ཚོད་1དང་སྐར་མ་25དང་སྐར་ཆ་16གི་གྲུབ་འབྲས་ཐོག་ནས་བུད་མེད་ཀྱི་སྤྱི་ལེ་20ཡི་འདུར་རྒྱུག་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་(གསེར་གྱི་རྟགས་མར་རིམ་གསབ་བྱས)བླངས་ཏེ་ཨ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། ཨོ་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་བླངས་མཁན་རང་རྒྱལ་གྱི་བོད་རིགས་ལུས་རྩལ་པ་དང་པོ་དེར་གྱུར་ཡོད།
འདུར་རྒྱུག་ལུས་རྩལ་ལ་དགའ་བའི་ཆོས་དབྱིངས་སྐྱིད་ཀྱིས་འཚོ་བའི་ཞུན་བརྡར་དང་ལུས་རྩལ་སྦྱོང་བརྡར་ཁྲོད་རྨས་སྐྱོན་ཕོག་པའི་དཀའ་སྡུག་གི་མདུན་དུ། རང་ཉིད་ཀྱི་གདམ་ག་མ་དོར་བར་ཐོག་མཐའ་བར་གསུམ་དུ་སེམས་ནུས་ཡོད་རྒུ་བཏོན་ནས་ཐེངས་རེ་རེའི་སྦྱོང་བརྡར་དང་འགྲན་བསྡུར་ཁྲོད་ཞུགས་པས། སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་གསུམ་བརྒྱད་དར་དམར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་དོན་པ། མཚོ་སྔོན་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའ། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།